ཏཱ་ལའི་བླ་མར་ཐུག་འཕྲད་འགྲོ་མྱོང་མཁན་ཚོགས་མི་དང་ལས་བྱེད་ལ་འདེམས་མི་ཆོག་ཟེར།

བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པས་ཚོགས་མི་རྣམས་ལ་ཞིབ་འཇུག་བྱས་ཏེ། ༧གོང་ས་མཆོག་ལ་དད་པ་བྱེད་མཁན་དང་གསང་བའི་ཐོག་ཆོས་ལ་དད་པ་ཡོད་མཁན་དག་ལ་ཁྲིམས་ཆད་གཅོད་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་༡༡ ཉིན་གྱི་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ལྐོག་ཟ་རུལ་སུངས་ཞིབ་བཤེར་དང་སྒྲིག་ཁྲིམས་ལྷན་ཁང་གི་དྲ་ཐོག་ཏུ། ཚོགས་གཙོ་ཁྲན་ཆོན་གོ་དང་གསར་འགོད་པ་ཞིག་དྲི་བ་དྲི་ལན་བྱས་པ་ཞིག་བཀོད་ཡོད་པ་དང། དེའི་ནང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ལ་ཞིབ་འཇུག་ནན་པོ་བྱེད་དགོས་སྐོར་འཁོད་ཡོད་འདུག

12212550“ང་ཚོའི་དམར་ཤོག་ཚོགས་པའི་ཚོགས་མི་སུ་ཞིག་གིས། ཚོགས་པའི་ལྟ་བ་དང་ལངས་ཕྱོགས་ལ་ཡིད་ཆེས་བརྟན་པོ་མེད་པ་དང། མགོ་གཉིས་བྱེད་མཁན་ལ་ཁྲིམས་ཆད་དྲག་པོ་གཅོད་དགོས་”ཞེས་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཚོགས་གཙོ་ཁྲན་ཆོན་གོས་བཤད་འདུག ཁོས་ཚོགས་མི་ཁ་ཤས་ཀྱིས་ཆོས་ལ་དད་པ་མེད་ཁུལ་བྱས་ཏེ། གསང་བའི་ཐོག་ཏཱ་ལའི་བླ་མར་དད་པ་བྱེད་མཁན་དང། དེ་བཞིན་རྒྱ་གར་ལ་ཏཱ་ལའི་བླ་མར་མཆོད་འབུལ་བྱེད་པར་འགྲོ་མྱོང་བའམ་རང་ཉིད་ཀྱི་ཕྲུ་གུའམ་སྤུན་མཆེད་སོགས། རྒྱ་གར་ལ་ཏཱ་ལའི་བླ་མའི་སློབ་གྲྭར་སློབ་སྦྱོང་བྱེད་པར་བཏང་ཡོད་མཁན་དག་ལ་ཞིབ་འཇུག་ནན་པོ་བྱེད་དགོས་སྐོར་འགྲེལ་བརྗོད་བྱས་འདུག

ཁོས་“རང་སྐྱོང་ལྗོངས་ཀྱི་ཚོགས་མི་༢༠ ལ་ཚོགས་པའི་སྒྲིག་གཞི་དང་འགལ་བར་ཉེས་པ་བཏང་ཡོད་པ་དང། ཕྱི་ལོ་༢༠༡༥ ལོར་རང་སྐྱོང་ལྗོངས་ནས་མི་གཅིག་ཀྱང། རྒྱ་གར་ལ་ཏཱ་ལའི་བླ་མའི་གསུང་ཆོས་ཉན་པར་ཕྱིན་མེད་”ཅེས་བརྗོད་འདུག

ལོ་འདིའི་ཕྱི་ཟླ་༨ པའི་ནང་རང་སྐྱོང་ལྗོངས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་“ངེས་པར་དུ་བེད་སྤྱོད་མི་ཆོག་པའི་དོན་ཚན་དྲུག་”ཅེས་པའི་སྲིད་ཇུས་ཤིག་བཟོས་ཏེ། དེའི་ནང་རྒྱ་གར་སོགས་ལ་ཏཱ་ལའི་བླ་མར་ཐུག་འཕྲད་འགྲོ་མྱོང་བ་རྣམས་ཚོགས་མི་དང་ལས་བྱེད་ལ་འདེམས་མི་ཆོག་སྐོར་བཀོད་ཡོད་འདུག

ལོ་རེ་བཞིན་བོད་དང་ལྷག་པར་དུ་རྒྱ་ནག་སྐམ་ས་ཆེན་པོ་ནས། རྒྱ་གར་དུ་༧གོང་ས་མཆོག་ལ་མཇལ་ཁ་དང་ཁོང་གི་གསུང་ཆོས་ཞུ་བར་ཡོང་མཁན་གྲངས་མང་དུ་འགྲོ་བཞིན་ཡོད་པ་དང། ཕྱི་ལོ་༢༠༡༢ ལོར་དུས་འཁོར་དབང་ཆེན་ལ་འགྲོ་མཁན་བོད་པ་མང་དག་ཅིག རྒྱ་ནག་གིས་བཀག་ཉར་དང་ཁྲིམས་ཆད་བཏང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༦ ཀློག་གྲངས།