ངོ་དེབ་དང་འཛམ་གླིང་འགོ་ཁྲིད་ཚོར་ཕྱོགས་ལྷུང་ཡོད་པའི་སྐྱོན་བརྗོད།

སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ངོ་དེབ་དང། འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ཀྱིས་པེ་རི་སེ་དང་བྷེ་རུ་ཊེ་གཉིས་ལ་བྱུང་བའི་རྐྱེན་ངན་ལ་གདུང་སེམས་མཉམ་བསྐྱེད་བྱ་སྟངས་ལ་ཕྱོགས་ལྷུང་འདུག་ཅེས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་འདུག

12272997_105ཟླ་འདིའི་ཚེས་༡༣ ཉིན་དཀྱིལ་ཤར་ཡུལ་གྲུ་ལེ་བྷེ་ནོན་གྱི་རྒྱལ་ས་བྷེ་རུ་ཊེར་ཁ་ཆེ་དྲག་སྤྱོད་པའི་རང་མེད་གཞན་མེད་འབར་རྫས་ཐོགས་མཁན་གཉིས་ཀྱིས་འབར་རྫས་གཏོར་ནས། མི་༤༣ རྐྱེན་ལམ་དུ་བཏང་ཡོད་པ་དང། དེ་བཞིན་ཟླ་འདིའི་ཚེས་༡༤ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རི་སེའི་ས་ཁུལ་ཁག་དྲུག་ལ། ཁ་ཆེ་དྲག་སྤྱོད་པའི་རང་མེད་གཞན་མེད་འབར་རྫས་ཐོགས་མཁན་བརྒྱད་ཀྱིས། ཐོག་མར་མེ་མདའ་བརྒྱབ་པ་དང་རྗེས་སུ་མི་བདུན་གྱིས་འབར་རྫས་གཏོར་ནས་མི་༡༢༩ རྐྱེན་ལམ་དུ་བཏང་ཡོད་པ་རེད།

བྷེ་རུ་ཊེའི་དོན་རྐྱེན་དེ་པེ་རི་སིའི་དོན་རྐྱེན་ལས་ཉིན་གཅིག་སྔོན་ལ་བྱུང་ཡོད་པ་དང། དེའི་སྐབས་སུ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་གནས་ཚུལ་སྤེལ་ཡོད་པ་ལས། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་དམིགས་བསལ་གྱི་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་གང་ཡང་བསྟན་མེད་པ་རེད། འོན་ཀྱང་སང་ཉིན་དེར་པེ་རི་སེར་རྐྱེན་ངན་བྱུང་སྐབས། ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་དབྱིན་ཡུལ་སོགས་ཀྱི་འགོ་ཁྲིད་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་བསྒྲགས་གཏམ་སྤེལ་ཡོད་པ་དང། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ངོ་དེབ་ཀྱིས་ངོ་དེབ་སྟེང་དུ་ཉེན་འགོག་ཞིབ་བཤེར་(safety check)གྱི་ཁྱད་ཆོས་བཟོས་ཏེ། པེ་རི་སེར་ཡོད་པའི་མི་མང་རྣམས་ཀྱིས་རང་ཉིད་བདེ་པོ་དང་ཉེན་ཁ་ལས་ཐར་ཡོད་ཚེ། དེ་གར་མཉམ་ཞུགས་བྱས་ཏེ། རང་ཉིད་ཀྱི་ཕ་མ་སྤུན་མཆེད་ལ་རང་ཉིད་བདེ་པོ་ཡིན་པར་བརྡ་ལན་སྤྲོད་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་ངོ་དེབ་ཀྱིས་ཧྤ་རན་སིའི་རྒྱལ་དར་དེ་མི་སོ་སོའི་ངོ་དེབ་ཀྱི་འདྲ་པར་གྱི་རྒྱབ་ལྗོངས་ལ་སྦྱར་ཏེ། གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་སྟོན་རྒྱུ་ཡོད་པ་བཟོས་ཡོད་ཁར། ཉིན་གཅིག་སྔོན་ལ་བྱུང་བའི་བྷེ་རུ་ཊེའི་རྐྱེན་ངན་ལ་ངོ་དེབ་ཀྱི་ཁྱད་ཆོས་དེ་འདྲ་གང་ཡང་བཟོས་མེད་པས། ཕྱོགས་ལྷུང་གི་བྱེད་སྟངས་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་འདུག

ལེ་བྷེ་ནོན་གྱི་དྲ་རྒྱའི་རྩོམ་པ་པོ་ཞིག་གིས་ངོ་དེབ་སྟེང་“ང་ཚོར་ངོ་དེབ་ཀྱིས་ཉེན་འགོག་ཞིབ་བཤེར་གྱི་ཆ་རྐྱེན་སྤྲད་མ་སོང། ང་ཚོའི་རྐྱེན་ངན་ལ་འཛམ་གླིང་འགོ་ཁྲིད་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་བསྒྲགས་གཏམ་སྤེལ་མཁན་མི་འདུག ང་ཚོ་འཛམ་གླིང་གི་སེམས་འཁུར་བྱེད་ཡུལ་ལ་མ་བཞག་པ་ངེས་ཤེས་བྱུང་དུས།སེམས་ཕམས་པོ་ཞེ་དྲག་འདུག”ཅེས་ངོ་དེབ་སྟེང་བཀོད་ཡོད་པ་དེ། མི་འབུམ་གཅིག་གིས་རང་ཉིད་ཀྱི་ངོ་དེབ་སྟེང་འགྲེམས་སྤེལ་བྱས་སྟེ། སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་མང་པོ་འདུག

དེ་བཞིན་པ་ཀི་སི་ཐན་གྱི་རྩོམ་པ་པོ་བྷི་ན་ཤཱ་ཡིས་ངོ་དེབ་ཀྱིས་རང་ཉིད་ཁྱབ་སྤེལ་འགྲོ་ཆེད་དུ། འཛམ་གླིང་གི་གལ་ཆེན་དོན་རྐྱེན་སྐབས། མི་མང་ལ་ཕན་སེམས་ཡོད་ཁུལ་གྱིས་ཁྱད་ཆོས་འདྲ་མིན་བཟོ་ཡི་ཡོད་པ་དང། ཐེངས་འདིར་ཁོ་ཚོས་བྷེ་རུ་ཊེའི་མི་མང་གི་ཚེ་སྲོག་དེ་པེ་རི་སེའི་མི་མང་གི་ཚེ་སྲོག་ལས་རིན་ཐང་ཆུང་བ་སྤྲད་པས། མི་མང་པོས་སྡང་ཟུག་ཆེན་པོས་ངང་སྐྱོན་བརྗོད་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ངོ་དེབ་ཀྱི་འགན་འཛིན་མཱར་ཁ་ཡིས་ངེ་དེབ་ཀྱིས་ཉེན་འགོག་ཞིབ་བཤེར་གྱི་ཁྱད་ཆོས་དེ་རང་བྱུང་གནོད་འཚེའི་དུས་ལ་མ་གཏོགས་བེད་སྤྱོད་བྱེད་ཀྱི་མེད་པ་དང། པེ་རི་སེའི་རྐྱེན་ངན་སྐབས་ཁྱད་ཆོས་དེ་མིའི་བཟོས་པའི་གནོད་འཚེའི་སྐབས་སུ་ཡང་བེད་སྤྱོད་བྱེད་རྒྱུ་ཡིན་པར་ཐག་གཅོད་བྱས་ཡིན་ཚུལ་དང། ཁོ་ཚོས་མི་ཚང་མའི་ཚེ་སྲོག་ལ་རིན་ཐང་གཅིག་མཚུངས་སྤྲོད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༧ ཀློག་གྲངས།