རང་སྲོག་བློས་གཏོང་གི་འཇིགས་སྐུལ་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༧༠ ཕྱི་ལོ་ ༢༠༡༥/༡༡/༡༨
འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་ནང་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཁ་ཅིག་གིས་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་ནས་མི་གསོད་ཁྲག་སྦྱོར་དང་། གཏོར་རྒོལ་གྱི་ལས་འགུལ་མང་དག་ཅིག་སྤེལ་དང་སྤེལ་མུས་སུ་མཆིས། ཉེ་བའི་ཉིན་ཤས་སྔོན་ཧྥ་རན་སིའི་རྒྱལ་ས་རུ་འཇིགས་སྐུལ་བས་འབར་རྫས་དང་གོ་མཚོན་བེད་སྤྱད་ནས་མི་དཀྱུས་མ་མང་པོ་ཞིག་གི་ཚེ་སྲོག་འཕྲོགས་ཡོད་པ་དང། ཁ་ཆེའི་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ནང་འཁྲུག་དང་དམར་གསོད་ནི་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ཡོད། གནད་དོན་འདིའི་ཡོང་རྐྱེན་གཙོ་བོ་གཅིག་ཆོས་ཞེན་གྱི་ཐོག་ནས་ཡོང་གི་ཡོད་པ་དང། ཕྱོགས་གཅིག་ནས་འཛམ་གླིང་ཤར་ནུབ་ཀྱི་སྤྱི་ཚོགས་ཁྲོད་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་མང་པོ་ཞིག་འཇིགས་སྐུལ་བར་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་མཉམ་འབྲེལ་གྱི་ཐོག་ནས་ཁ་ཆེའི་དྲག་སྤྱོད་པའི་སྒྲིག་འཛུགས་ཁག་ལ་གཏོར་རྒོལ་གཏོང་བཞིན་ཡོད་པས་འུ་ཐུག་པའི་བྱ་སྤྱོད་ཅིག་ཀྱང་ཡིན་ངེས་པ་རེད།

སྤྱིར་མི་སུ་དང་སུ་ཡིན་ཡང་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་བར་འཇིགས་སྐྲག་དང་འཚེར་སྣང་གང་ཡང་མེད་པ་ནི། རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཞིག་གཏན་ནས་མ་ཡིན་པར། དེ་དང་མཉམ་དུ་བཟོད་མི་ཐུབ་པའི་ན་ཟུག་ཅིག་དང་དཀའ་ངལ་དམིགས་བསལ་ཞིག་ཡོད་པ་ནི་སྨྲོས་མི་དགོས་པ་རེད། ད་ལྟའི་དུས་འདིར་འཚེ་མེད་ཞི་བའི་དར་ཆ་མཁའ་དབྱིངས་སུ་སྒྲེང་བཞིན་ཁ་ནས་ཞི་བདེའི་འབོད་སྒྲ་མི་སྒྲོག་མཁན་གཅིག་ཀྱང་མེད་ནའང། དོན་དུ་མི་རིགས་དང་རྒྱལ་ཁབ་གང་ཡིན་ཡང་འཐབ་རྩོད་བྱེད་པའི་ཐབས་ལམ་དེ་འཚེ་མེད་ཞི་བ་ཁོ་ན་བེད་སྤྱོད་གཏོང་མཁན་ཞིག་ཡིན་ན། རྒྱལ་སྤྱིའི་སྟེང་ནས་ཁ་ཙམ་ལས་དོན་གྱིས་རྒྱབ་སྐྱོར་གཏན་ནས་མི་འཐོབ་པ་ནི་བོད་པའི་འཐབ་རྩོད་ཀྱི་སྔ་ཕྱིའི་བརྒྱུད་རིམ་ལ་བལྟས་ན་ཤེས་ཐུབ་པ་ཞིག་རེད། དེར་བརྟེན་འཛམ་གླིང་གི་ཁྱོན་ཡོངས་སུ་དེང་སྐབས་རང་ཉིད་ཀྱི་མངོན་འདོད་སྒྲུབ་ཆེད་འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་བ་འབའ་ཞིག་ལྷུར་ལེན་པ་ནི། འཛམ་གླིང་ཤར་ནུབ་ཀྱི་སྟོབས་ཆེན་རྒྱལ་ཁབ་འཛམ་གླིང་གི་སྣེ་ཁྲིད་དུ་རློམ་མཁན་དག་གི་བྱེད་སྟངས་ལ་བརྟེན་ནས་ཀྱང་སྐུལ་འདེད་བྱས་ཡོད།

བོད་ནང་ནས་རང་ལུས་རང་སྲེག་གིས་ཚེ་སྲོག་བློས་གཏོང་མཁན་བརྒྱ་དང་བཞི་བཅུ་བརྒལ་ཟིན་ཀྱང། དོ་སྣང་དང་རྒྱབ་སྐྱོར་དངོས་སུ་བྱེད་མཁན་རྒྱ་ཆེན་པོ་གང་ཡང་བྱུང་མེད་པ་མ་ཟད། རྒྱལ་སྤྱིའི་སྟེང་ནས་ཁག་ཅིག་གིས་བོད་པས་རང་ལུས་མེ་སྲེག་གི་ལས་འགུལ་དེ་འཚེ་མེད་ཞི་བ་ཡིན་མིན་སྐོར་གྱི་གླེང་སློང་བྱེད་ཁུལ་བྱས་པ་དེ་ཡང་དོན་དངོས་ཐོག་གད་མོ་ཤོར་ཡུལ་ཞིག་ཏུ་མཐོང། སྟོབས་ཆེན་ཨ་མི་རི་ཀའི་ངོས་ནས་ཨི་རག་སོགས་རྒྱལ་ཁབ་མང་པོ་ཞིག་ལ་དཔུང་འཇུག་བྱས་ནས་མི་གསོད་ཁྲག་སྦྱོར་ཚབས་ཆེན་བྱས་པ་ལྟ་བུས་མཚོན། ཨུ་རུ་སུ་དང། རྒྱ་ནག་སོགས་སྟོབས་ཆེན་དག་གིས་དམག་འཁྲུག་མང་པོའི་རྒྱབ་ཏུ་ལག་པ་རྐྱོང་བཞིན་ཡོད་ནའང། འཇིགས་སྐུལ་དྲག་སྤྱོད་པའི་ཁོངས་སུ་མི་འགྲོ་བ་འདི་ནི་སྟོབས་ཤུགས་ཆེ་ཆུང་ཙམ་ལས། དོན་དམ་པར་འཇིགས་སྐུལ་དྲག་སྤྱོད་པ་ཞེས་པའི་མིང་བྱང་དེ་ཡ་ཡོ་འཁྱ་འཁྱོག་མེད་པར་ཐིག་བཏབ་པ་ལྟ་བུ་ཞིག་མ་ཡིན་པར། སུ་ལ་དཔལ་འབྱོར་གྱི་ངོ་སོ་ཡོད་མེད་དང། སུ་ལ་སྟོབས་ཤུགས་ཡོད་མེད་ཁོ་ན་ལ་བརྟེན་ནས་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་འདྲ།

འཇིགས་སྐུལ་པའི་བྱེད་སྟངས་འདི་དག་ནི་ཧ་ཅང་གི་ཐབས་སྡུག་ཅིག་དང། མ་རབས་ཀྱི་བྱ་སྤྱོད་ཅིག་ཡིན་ཡང། དེ་ལྟར་འབྱུང་ངེས་པའི་རྒྱུ་མཚན་ནི་སྟོབས་ཆེན་རྒྱལ་ཁབ་ཏུ་འབོད་པ་དག་གི་བྱེད་སྟངས་ལ་བརྟེན་ནས་བྱུང་བའང་ཧ་ཅང་གསལ་པོ་རེད། ཧ་ཅང་ཉམ་ཆུང་ཞིང་རང་ཉིད་ཁོ་ན་བློས་གཏོང་བྱེད་མཁན་གྱི་བོད་མི་རིགས་ཀྱང། མ་འོངས་པར་རྒྱལ་སྤྱིའི་བྱེད་སྟངས་དང། ལྷག་པར་དུ་རྒྱ་དམར་དྲག་གཞུང་གི་བྱེད་སྟངས་ལ་བརྟེན་ནས་འདི་ལྟ་བུའི་ལས་ལ་འཇུག་མི་སྲིད་པ་གཏན་ནས་མ་རེད། ད་བར་བོད་ནང་ཁོ་ན་ནས་མི་བརྒྱ་དང་བཞི་བཅུ་ལྷག་གི་རང་སྲོག་བློས་གཏོང་ཕོད་ས་ནས། མ་འོངས་པར་ཁ་གཏད་ཀྱི་དགྲ་བོ་དང་རང་ཉིད་མཉམ་དུ་མི་མེད་རང་མེད་བཟོ་མཁན་མང་པོ་ཡོང་སྲིད་པ་རེད། དེ་ལྟ་བུ་ཞིག་བྱུང་སོང་ན་བཙན་བྱོལ་དུ་ཡོད་པའི་བོད་མི་དག་གི་ངོས་ནས། ང་ཚོའི་འཚེ་མེད་ཞི་བའི་ལངས་ཕྱོགས་ལ་ཁྱོད་ཚོས་ཕོག་ཐུག་བཏང་སོང་ཟེར་བའི་དབང་ཆ་མེད་པར་བོད་ནང་དུ་བཞུགས་པའི་བོད་མི་དག་གི་འུ་ཐུག་པའི་བྱ་སྤྱོད་ཅིག་རེད།

མདོར་ན་བོད་མི་རང་ཉིད་བློས་བཏང་ནས་ཕ་རོལ་པོའང་དམར་གསོད་གཏོང་མཁན་ཞིག་ཆགས་མི་རུང་བ་དེ། བོད་པའི་རིག་གཞུང་གི་ཤན་ཤུགས་དང། རིན་ཐང་གི་བསམ་བློ་གང་ཐད་ནས་ཧ་ཅང་གལ་ཆེན་པོ་ཡིན་ལ། གཞིས་བྱེས་བོད་མི་ཡོངས་ཀྱི་རེ་བ་དང་མངོན་འདོད་ཀྱང་འདི་ཁོ་ན་ཡིན། འོན་ཀྱང་རྒྱ་དམར་གཞུང་གི་མནར་གཅོད་དང། རྒྱལ་སྤྱིའི་ཐོག་ནས་དྲག་ཤུགས་ཁོ་ན་བེད་སྤྱོད་གཏོང་མཁན་ལས། འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་མཁན་ལ་དོ་སྣང་དང་རྒྱབ་སྐྱོར། གདེང་འཇོག་ཙམ་ཡང་མི་བྱེད་པ་འདིས་བོད་མི་རིགས་ཀྱང་དྲག་མཚོན་ཁོ་ན་ལ་ཡིད་ཆེས་བྱེད་མཁན་གྱི་མི་རིགས་ཤིག་ཏུ་སྒྱུར་མི་སྲིད་པ་མ་རེད། འོན་ཀྱང་བཙན་བྱོལ་བོད་མི་ཕལ་མོ་ཆེ་རང་ཉིད་ཀྱི་ལྟོ་གོས་ཙམ་ལས་རེ་བ་དང་དམིགས་ཡུལ་རྒྱ་ཆེན་པོ་ཞིག་མེད་ནའང། བོད་ནང་དུ་བཞུགས་པའི་བོད་རིགས་མི་མང་གི་ངོས་ནས་དུས་ནམ་ཞིག་འུ་ཐུག་ཐབས་ཟད་ཀྱི་ལས་ཀ་འདི་ལྟ་བུའང་བྱེད་སྲིད་པ་དང། སྐབས་དེ་དུས་རྒྱལ་སྤྱིའི་ཐོག་ནས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་བྱས་པ་བཞིན་དོ་སྣང་རྒྱབ་སྐྱོར་བྱེད་སྲིད་དམ་མི་སྲིད་བལྟ་ཆོག་པ་རེད།།

Share this:
༥༡ ཀློག་གྲངས།