སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་ལ་ལྷན་ཚོགས།

ཧི་མ་ལ་ཡའི་གངས་རི་རྣམས་ཞུ་ནས་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་རྟགས་མཚན་མངོན་གསལ་ཅན་ཐོན་བཞིན་ཡོད་པས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་སྐྱོང་འོག་ནས་བདུན་རྗེས་མ་ནས་འགོ་བཙུགས་ཏེ། ཟླ་ཕྱེད་ཙམ་གྱི་རིང་ལ་ས་ཡི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་སྐོར་ལྷན་ཚོགས་ཆེན་པོ་ཚོགས་གཏན་འཁེལ་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༧ ཉིན་བྷི་བྷི་སིའི་དྲ་གནས་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བདུན་རྗེས་མ་ནས་འགོ་བཙུགས་ཏེ་ཟླ་ཕྱེད་ཙམ་གྱི་རིང་ལ། ཡུ་རོབ་རྒྱལ་ཁབ་ཌེན་མག་གི་རྒྱལ་སར་འཛམ་གླིང་འདིའི་རྒྱལ་ཁབ་གྲངས་༡༩༢ ཙམ་གྱི་འཐུས་མི་གྲངས་༥༡༠༠༠ དང་། དཔོན་རིགས་གྲངས་༡༠༠ ལྷག་ཙམ་གྱིས་འབྱུང་འགྱུར་ས་ཡི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་སྐོར་ལ་ལྷན་ཚོགས་ཆེན་པོ་ཞིག་འཚོག་རྒྱུ་ཡིན་པ་དང་། ལྷན་ཚོགས་ཐོག་རྒྱ་ནག་དང་རྒྱ་གར་སོགས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་འཛུལ་ཞུགས་བྱེད་དགོས་རྒྱུ་གལ་ཆེན་བརྩི་བཞིན་ཡོད་པ་རེད།

རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཞི་མོལ་ལྷན་ཚོགས་ཀྱི་ཚོགས་གཙོས། རྒྱལ་ཁབ་སྣ་མང་གི་འཐུས་མི་དང་དཔོན་རིགས། དེ་བཞིན་འཆར་འགོད། བསམ་ཚུལ་སོགས་ཁྱེར་ནས་ཚོགས་འདུའི་སྟེང་ཕེབས་ངེས་ཡིན་པས། ལྷན་ཚོགས་དེར་སྔོན་དུས་ཀྱི་ལྷན་ཚོགས་ཁག་དང་མི་འདྲ་བ། གྲུབ་འབྲས་དང་སའི་གོ་ལའི་འགྱུར་ལྡོག་ལ་བཟོ་དབྱིབས་གསར་པ་ཞིག་བཟོ་ཐུབ་པའི་རེ་བ་བཅངས་ཡོད་ཚུལ་སོགས་གསུངས་ཡོད་པ་རེད།།

Share this:
༡༦ ཀློག་གྲངས།