དཀར་མཛེས་རྫོང་དུ་བོད་མི་ཞི་རྒོལ་བ་ཞིག་འཇུ་བཟུང་།

དཀར་མཛེས་རྫོང་དུ་བོད་མི་ཞིག་ཕྱི་ཟླ་༡༡ ཚེས་༢༧ ཉིན་བོད་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། སེང་གེ་ཞེས་པའི་བོད་མི་ཞིག་གིས་”བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག”ཞེས་༧གོང་ས་མཆོག་སྐུ་ཚེ་བརྟན་པའི་སྐད་འབོད་དང་། རླུང་རྟ་གནམ་ལ་གཏོར་བཞིན་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས།  རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།

དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་ངོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༡༡ ཚེས་༢༧ ཉིན་སེང་གེས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་”བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས་”ཟེར་ནས་རླུང་རྟ་གནམ་ལ་གཏོར་བཞིན་སྐད་འབོད་བྱེད་སྐབས། ཁོང་རྒྱ་གཞུང་གི་ཉེན་རྟོག་པས་ལམ་སང་འཛིན་བཟུང་བྱས་ཡོད་འདུག
ཁོང་གིས་ངོ་རྒོལ་སྐད་འབོད་མ་གནང་གོང་གི་ཉིན་ཤས་སྔོན་༧སྐུ་མདུན་ཞབས་ཐང་དུ་ཕེབས་བཞིན་པའི་བརྙན་ཐུང་མཇལ་ཞོར་༧གོང་ས་མཆོག་དགུང་ལོ་བགྲེས་པོར་ཕེབས་ཡོང་གི་འདུག་ཅེས་དང་།  བླ་མ་མ་མཇལ་ན་གསོན་པོར་འདུག་ཀྱང་སྙིང་པོ་མེད་ཚུལ་ཡང་ཡང་བཤད་ཞོར་ཐེངས་མང་ངུས་པ་རེད་ཅེས་གནས་ཚུལ་མཁོ་སྤྲོད་པས་བརྗོད་སོང་།

ཁོང་སྐྱེས་ཡུལ་ནི་དཀར་མཛེས་རྫོང་། རྫ་ཁོག་ཡུལ་ཚོ། ཁྲ་དྷབ་གྲོང་ནས་ཡིན་ཞིང།  ཁོང་ནི་ཕ་བློ་དགའ་དང་མ་བོ་ཅག་གཉིས་ཀྱི་བུ་ཡིན་འདུག ད་ཆ་དཀར་མཛེས་རྫོང་གི་ཉེ་འདབས་དར་མདོ་གྲོང་རྡལ། དཀར་རབ་གྲོང་དུ་མག་པར་བསླེབས་ཤིང་། ཁྱིམ་དུ་བཟའ་ཟླ། ཕྲུ་གུ་ཆུང་ཆུང་ཞིག་དང་བཟའ་ཟླའི་ཨ་མ་བཅས་ནང་མི་གསུམ་ཡོད་འདུག
ད་ལྟ་ནང་མི་དང་གཉེན་ཉེ་ཚོས་ཁོང་ས་གནས་གང་དུ་བཀག་ཉར་བྱེད་ཡོད་མེད་ཁ་གསལ་མ་ཤེས་པ་དང་། དེ་བཞིན་ཉེན་རྟོག་པས་བཙོན་ཁང་དུ་མནར་གཅོད་གདུག་རྩུབ་གཏོང་ཐད་སེམས་ཁྲེལ་ཆེན་པོ་བྱེད་བཞིན་ཡོད་པས་ང་ཚོས་ཁོང་ས་གནས་གང་དུ་བཀག་བསྐྱིལ་བྱེད་ཡོད་ཚུལ་དང་། གཟུགས་པོའི་འཕྲོད་བསྟེན་སྔར་བཞིན་གནས་ཐུབ་པར་རེ་སྨོན་བྱེད་ཀྱིན་ཡོད་ཅེས་འབྲེལ་ཡོད་ཀྱིས་བརྗོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།
བརྙན་འཕྲིན། https://youtu.be/HfNwt3FUQh8

Share this:
༣༧ ཀློག་གྲངས།