རྔ་པ་ཀིརྟི་དགོན་པའི་གྲྭ་པ་གཉིས་ལ་རྒྱ་ནག་གི་ཁྲིམས་ཆད།

བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་དང་། ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་གཉིས་ལ་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག རྒྱ་ནག་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་ཡོད་པ་རེད།

Ghedun Puntsok 01
དགེ་འདུན་ཕུན་ཚོགས།

དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཟླ་འདིའི་ཚེས་༣ ཉིན་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་འཁོད་དོན། འདི་ལོའི་ཕྱི་ཟླ་༡༠ ཟླ་མཇུག་ཙམ་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་(རང་ལོ་༡༨) ལ་རྒྱ་ནག་གཞུང་གིས་ལོ་༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། མི་འགྱངས་སི་ཁྲན་ཕྱོགས་ཀྱི་ཆབ་སྲིད་བཙོན་པ་མང་ཆེ་བ་བཙོན་འཇུག་བྱས་ཡོད་པའི་མེན་ཡང་བཙོན་ཁང་དུ་སྐྱེལ་རྒྱུ་ཡིན་པ་ཙམ་ལས་ཁྲིམས་ཐག་ཇི་ལྟར་བཅད་པའི་གོ་རིམ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་པ་རེད།

དགེ་འདུན་ཕུན་ནི་འདི་ལོའི་ཟླ་༣ ཚེས་༨ ཉིན་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཁ་བཏགས་སེར་པོ་ཞིག་གིས་ལྕིབས་ཏེ་མགོ་ཐོག་ཏུ་འཕྱར་ནས་རྒྱལ་བ་རིན་པོ་ཆེ་”བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།“ ཞེས་སྐད་འབོད་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་གོམ་བགྲོད་གནང་མཁན་དེ་ཡིན་ཞིང་། ཉིན་དེར་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་ད་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་མ་བྱུང་བར་ལྷག་ཡོད་པ་རེད།

གཞན་ཡང་འདི་ལོའི་ཕྱི་ཟླ་༡༡ ཚེས་༢ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་(རང་ལོ་༡༩) ལ་ལོ་༣ དང་ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་ཁྲིམས་ཐག་བཅད་ཡོད་པ་དང་། མི་འགྱངས་བར་མེན་ཡང་བཙོན་ཁང་དུ་སྐྱེལ་རྒྱུ་ཡིན་པ་ཙམ་ལས་ཁྲིམས་ཐག་ཇི་ལྟར་བཅད་པའི་གོ་རིམ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་པ་རེད། ཁོང་གཉིས་ལ་ཁྲིམས་ཐག་གཅོད་སའི་ས་གནས་རྔ་པ་ཁུལ། ལས་རྫོང་(བཀྲ་ཤིས་གླེང་རྫོང་)དུ་ཡིན་འདུག

Lobsang kalsang 01
བློ་བཟང་སྐལ་བཟང་།

དེ་ཡང་བློ་བཟང་སྐལ་བཟང་འདི་ལོའི་ཟླ་༣ ཚེས་༡༧ ཉིན་རྔ་པ་རྫོང་ཐོག་གི་གཞུང་ལམ་སྟེང་དུ་ལག་པ་གཡོན་པས་༸གོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་ཤིང་། ལག་པ་གཡས་པས་རླུང་རྟ་གཏོར་བཞིན་”བོད་ལ་རང་དབང་དགོས།”ཞེས་སྐད་འབོད་གནང་མཁན་དེ་ཡིན་པ་རེད། ཉིན་དེར་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་ད་བར་འབྲེལ་ཡོད་རྣམས་ཀྱིས་ཀྱང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལུས་ཡོད་འདུག

ཁོང་གཉིས་ཀ་རྔ་བ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་འགབ་མ་ནས་ཡིན་པ་དང་། དགེ་འདུན་ཕུན་ཚོགས་ནི་ཕ་བཀྲ་རྒྱ་དང་། མ་རིག་གོ་གཉིས་ཀྱི་བུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ལོ་སྔོན་མའི་ནང་སྔོན་འགྲོའི་འཛིན་གྲྭ་ཁག་མཐར་ཕྱིན་ཡོད་འདུག

བློ་བཟང་སྐལ་བཟང་ནི་ཕ་ཚེ་རིང་དང་། མ་བདེ་ཆེན་གཉིས་ལ་བུ་བུ་མོ་གསུམ་ཡོད་པའི་གཉིས་པ་དེ་ཡིན་ལ། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་འཛིན་གྲྭ་ཁ་ཏོག་གོང་མ་ཡིན་འདུག ཁོང་གཉིས་ཕ་མ་མིང་སྲིང་གི་སྤུན་ཡིན་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

Share this:
༡༣༠ ཀློག་གྲངས།