གསལ་བསྒྲགས་བརྒྱུད་འགོད།

འདས་པའི་མི་ལོ་དྲུག་ཅུ་ཙམ་གྱི་རིང་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་ཡོངས་ལ་བསམ་ཡུལ་ལས་འདས་པའི་གོད་ཆག་བཏང་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ནས་ཞལ་བྲལ་དགོས་གྱུར་བ་དང༌། གཞིས་བཞུགས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་འོག་གསོད་སྦྱོང་མནར་གཅོད་དང༌། འཛིན་བཟུང་བཙོན་འཇུག དམ་བསྒྲགས་བཀག་བསྡོམས་སོགས་ངན་རྒུ་ཚང་བའི་བྱ་སྤྱོད་མུ་མཐུད་བཞིན་པ་མ་ཟད། བོད་གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པ་རྩ་བརླག་ཏུ་བཏང་བའི་སྲིད་བྱུས་ངན་པ་མཚམས་འཇོག་རྩ་བ་ནས་མ་བྱས་པར་བརྟེན་ཕྱི་ལོ་ ༢༠༠༨ ལོར་གཞིས་སྡོད་བོད་མི་སེར་སྐྱ་རྒན་གཞོན་དང༌། རིགས་རུས་དབྱེར་འབྱེད་མེད་པས་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ནས་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་ཞི་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་བའི་ཁྲོད་མཉམ་ཞུགས་མྱངས་བའི་བོད་མི་སྔོ་རིང་ཚང་ཚེ་རིང་རྡོ་རྗེ་དང༌། མ་འདུས་ཚང་མགོན་པོ་གཉིས་ཀྱིས་དང་བླངས་འགན་ཁུར་རྐང་བཞེས་འོག་སྐབས་དེའི་དངོས་མྱོང་བདེན་པ་ར་སྤྲོད་ཆེད་(བོད་མིའི་སྐྱིད་སྡུག་མཉམ་མྱོང་)ཞེས་པའི་འཁྲབ་སྟོན་ཞིག་བོད་མི་བཙན་བྱོལ་དུ་ཕེབས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་སྐབས་དང༌། རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་གི་ཉིན་མོ་སྟེ་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༠ ཉིན་གྱི་དགོང་མོ་ཆུ་ཚོད་ ༦།༣༠ ཐོག་བོད་གཞུང་ཟློས་གར་ཚོགས་ཁང་དུ་རིན་མེད་ཀྱིས་གཟིགས་འབུལ་ཞུ་འཆར་ལགས་ན་ང་ཚོའི་ལས་དོན་ལ་རྒྱབ་སྐྱོར་མཚོན་ཆེད་དང༌། གཞིས་བྱེས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ངེས་པར་དུ་ཕེབས་གནང་ཡོང་བ་ཞུ།

༢༠༠༨ ལོའི་ཞི་རྒོལ་ནང་མཉམ་ཞུགས་རྗེས་རྒྱ་གར་ལ་བྲོས་བྱོལ་དུ་ཐར་བ་སྔོ་རིང་ཚང་ཚེ་རིང་རྡོ་རྗེ་དང༌། མ་འདུས་ཚང་མགོན་པོ་གཉིས་ཀྱིས་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༤ ཉིན་གུས་ཕུལ།།

Share this:
༦༧ ཀློག་གྲངས།