སློབ་མར་འགོ་ཁྲིད་ནུས་པ་སྐྱེད་སྲིང་སྐོར་གྱི་ཟབ་སྦྱོང།

ཟླ་འདིའི་ཚེས་ ༢༦ ནས་ཉིན་བརྒྱད་རིང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་༣༡ གི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་༢༩༩ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གསུམ་པ་དེ་འཚོག་བཞིན་ཡོད་པ་རེད།

ཟབ་སྦྱོང་ཉིན་དང་པོའི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ཕེབས་པ་དང། ཤེས་རིག་སྲོལ་རྒྱུན་ཚན་པ་དང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་གཅིག་ལྕོགས་ཚེ་རིང་བསམ་གྲུབ་ ཀྱིས་ཐེངས་འདིའི་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད་པ་རེད།

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན། “རྣམ་པ་ཚོ་མ་འོངས་པར་ལས་འགན་གང་འཁྲི་ཡོད་པ་རེད་ཅེ་ན། བོད་ཀྱི་རྩ་དོན་འཐབ་རྩོད་དེ་མདུན་བསྐྱོད་བྱེད་རྒྱུ་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། མི་རིགས་སྲ་བརྟན། ཤེས་ཡོན་བཅས་ཡར་རྒྱས་ཀྱི་ལས་དོན་རྣམས་འགན་འཁྱེར་དགོས་པ་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་ནའི་བབས་དང་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་གནས་བབས་སོགས་ལ་གཞིགས་ན་ང་ཚོར་འཁྲིས་པའི་ལས་འགན་ཉིན་རེ་བཞིན་མང་དུའགྲོ་བཞིན་ཡོད། ང་ཚོ་ད་དུང་མུ་མཐུད་བཙན་བྱོལ་བ་བྱས་ནས་ལྷག་ན་དེའི་འགན་འཁྲི་འཁྱེར་མཁན་དེ་རྣམ་པ་ཚོ་ཆགས་ཡོད་པར་བརྟེན། རྣམ་པ་ཚོ་ཕྱི་ནང་གཉིས་ཀྱི་འཚར་ལོངས་ཧྲ་ཐག་ཐག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གང་ཡོང་ཅི་ཡོང་བྱེད་བཞིན་ཡོད། ཁྱེད་རང་ཚོ་ཡིན་ནའང་ང་ཚོར་འགན་འཁུར་ཆེན་པོ་ཞིག་ཡོད་བསམས་ཏེ་ཕྲུ་གུའི་སྣང་བ་འཁྱེར་ཏེ་རྣམ་གཡེང་བྱས་ནས་སྡོད་རྒྱུ་མེད། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས་ང་ཚོར་འགན་འཁྲི་ཆེན་པོ་ཞིག་ཡོད་པའི་ཐོག་ཕྱི་ནང་གི་ཆ་རྐྱེན་ཚང་དགོས། དེ་ཚང་བར་འགོ་ཁྲིད་ཀྱི་ཤེས་ཚད་དང་ནུས་ཚད། གདེངས་སྤོབས་དེ་དགོས་ཀྱི་ཡོད་”ཅེས་སོགས་ཀྱི་གསུང་བཤད་གནང་།

སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་གསུང་བཤད་གནང་དོན། “༸གོང་ས་མཆོག་གིས་དུས་རྟག་ཏུ་ཤེས་ཡོན་དེ་འདབ་གཤོག་གཉིས་ལྡན་ཞིག་དགོས་ཀྱི་ཡོད་པ་དང་། སྲོལ་རྒྱུན་གྱི་ལམ་ལུགས་ལ་མཆོག་ཏུ་གྱུར་པའི་ཐོག་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཞིག་དགོས་ཀྱི་ཡོད། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་ཐོག་མར་དགོན་པ་རྒྱག་རྒྱུའི་ཚབ་ཏུ་སློབ་གྲྭ་བཙུགས་པ་ཡིན་ཞེས་བཀའ་སློབ་ཕེབས་ཡོད། ཕྱི་ལོ་༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་སུ་ང་རིང་དྷ་སར་དངོས་སུ་བཅར་བའི་སྐབས་༸གོང་ས་མཆོག་གིས་ཤེས་ཡོན་ཐོག་འཐུས་ཤོར་ཧ་ཅང་ཆེན་པོ་ཤོར་འདུག ཅེས་ཐུགས་ཚོར་ཤུགས་ཆེན་པོའི་ཐོག་ནས་བཀའ་སློབ་ཕེབས་ཡོད། དེར་བརྟེན་སྐབས་༡༤ བཀའ་ཤག་གིས་༸གོང་ས་མཆོག་གི་དགོངས་གཞི་ལྟར་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤིག་ལ་བརྩིས་དང་བརྩི་བཞིན་ཡོད། བོད་པའི་ཕྲུ་གུ་ཚོར་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོགས་ཡོང་ཆེད་ངས་ཤེས་ཡོན་དེ་གལ་ཆེ་ཤོས་ཡིན་ཞེས་བརྗོད་པ་ཡིན། དེ་བཞིན་འབྱུང་འགྱུར་ལོ་ཉི་ཤུའི་ནང་བོད་ནང་ནས་ཁྱད་ལས་པ་འབུམ་གཅིག་དང་བཙན་བྱོལ་ནང་ནས་ཁྱད་ལས་པ་ཁྲི་གཅིག་ཐོན་ཐུབ་རྒྱུའི་རེ་བ་དང་འབད་བརྩོན་ཞུ་བཞིན་ཡོད་ཅེས་བརྗོད་སྐབས་དྲི་བ་འདྲི་མཁན་མང་པོ་ཡོང་གི་འདུག སྟབས་ལེགས་པ་ཞིག་ལ་ད་ལྟ་ཤེས་རིག་བཀའ་བློན་གྱིས་གསུངས་པ་བཞིན། ན་ནིང་ལོར་ང་ཚོས་སློབ་ཕྲུག་ ༦༣༨ ལ་སློབ་ཡོན་གནང་ཁོངས་ནས་ཧ་ལམ་ ༣༠༠ མིན་ཙམ་ཁྱད་ལས་པའི་སློབ་སྦྱོང་བྱེད་མཁན་ཡིན། དེ་བཞིན་བོད་ཁྱིམ་གཉིས་ནས་ཁྱོན་བསྡོམས་ཉིས་བརྒྱ་མིན་ཙམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཉུང་མཐར་ཁྱད་ལས་པ་ལྔ་བརྒྱ་འཐོན་བཞིན་ཡོད། ང་ཚོས་དམིགས་ཡུལ་ད་དུང་དེ་ལས་ཚད་མཐོ་བ་འཛིན་དགོས་”ཞེས་གསུངས་ཡོད་པ་རེད།

སྲིད་སྐྱོང་གིས་མུ་མཐུད་སློབ་མའི་མཐུན་རྐྱེན་དང་འབྲེལ་ནས་གསུང་དོན། ཤེས་ཡོན་ཡར་རྒྱས་འགྲོ་བར་མཛུབ་མོ་ལྔ་ནང་བཞིན་ལྔ་ཀར་འགན་ཡོད། དང་པོ་དེ། བོད་མིའི་སྒྲིག་འཛུགས་ཀྱི་འགན་དེ་མཐུན་རྐྱེན་སྐྲུན་རྒྱུ་རེད། དཔལ་འབྱོར་ཐོག་མཐུན་འགྱུར་ཇི་དགོས་ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་གནང་བཞིན་ཡོད། གཉིས་པ་དེ། སློབ་གྲྭའི་སློབ་སྤྱི་དང་ལས་བྱེད་ཚོའི་འགན་རེད། སློབ་གྲྭའི་སྒྲིག་འཛུགས་དང་། མཐུན་རྐྱེན་ཁག་ཉིན་རེ་ཉིན་རེར་ལག་བསྟར་བྱེད་རྒྱུ་སློབ་སྤྱི་དང་ལས་བྱེད་ཀྱི་ལས་འགན་རེད། གསུམ་པ་དེ། དགེ་རྒན་རྣམ་པ་རེད། དགེ་རྒན་ཡག་སྡུག་གང་འདྲ་ཡོད་མེད་སློབ་ཕྲུག་གི་མི་ཚེའི་ནང་ནམ་ཡང་བརྗེད་རྒྱུ་མ་རེད། དགེ་རྒན་གྱིས་འཛིན་ཁང་སྒོ་བརྒྱབ་ནས་སློབ་ཁྲིད་མ་བྱས་པ་དང་སྟངས་འཛིན་ལེགས་པོ་མ་བྱས་པ་ཡིན་ན། ཕྲུ་གུའི་མི་ཚེ་འཕྲོ་བརླག་འགྲོ་གི་ཡོད་སྟབས། དགེ་རྒན་ཚོར་དམིགས་བསལ་འགན་ཡོད།
བཞི་པ་དེ་ཕ་མ་རེད། ཕ་མས་ཕྲུ་གུ་དང་མཉམ་དུས་ཚོད་མང་ཙམ་བསྐྱལ་དགོས། ཕ་མས་སློབ་ཕྲུག་ཆེད་དུ་དུས་ཚོད་བཏོན་དགོས། ཕྲུ་གུ་ལ་དགོས་པ་ནི་ཕ་མ་ཡིན་པ་ལས་རྔན་པ་མིན། ལྔ་པ་དེ་སློབ་ཕྲུག་རེད། ཁྱེད་རང་ཚོ་མ་འོངས་འགོ་ཁྲིད་ཡིན་སྟབས། ༸གོང་ས་མཆོག་གིས་བཀའ་དགོངས་ལྟར་འདབ་གཤོག་གཉིས་ལྡན། སྲོལ་རྒྱུན་གྱི་ལམ་ལུགས་ལ་མཆོག་ཏུ་གྱུར་པའི་ཐོག་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཞིག་དགོས་ཀྱི་ཡོད་ཅེས་སོགས་གསུངས་ཡོད་པ་རེད།

སྤྱིར་ཐེངས་འདིའི་ཟབ་སྦྱོང་ཐོག་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་མིའི་སློབ་གྲྭ་ཁག་༣༡ ནས་འཛིན་རིམ་བཅུ་པའི་བུ་༡༥༥ དང་བུ་མོ་ ༡༤༤ བཅས་ཁྱོན་༢༩༩ ། དགེ་རྒན་༣༡ བཅས་ཕེབས་ཡོད་པ་རེད།

ཉིན་གྲངས་བརྒྱད་རིང་གི་ཟབ་སྦྱོང་སྐབས་ད་ལྟའི་བོད་ཀྱི་ཆབ་སྲིད་གནས་བབས་དང་འགོ་ཁྲིད་གསར་པའི་ལས་འགན། འབྲེལ་ལམ་སྒྱུ་རྩལ། བོད་ཀྱི་མང་གཙོའི་འཕེལ་རིམ། རྒྱ་གར་དང་འབྲེལ་ལམ་གནང་ཕྱོགས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད། དུས་རབས་ཉེར་གཅིག་པའི་ནང་པ། མདུན་ལམ་འདེམས་ཕྱོགས་སྐོར། ཤེས་རིག་སློབ་ཡོན་ངོ་སྤྲོད། ཤེས་ཡོན་སྲིད་བྱུས་དང་ཤེས་ཡོན་ངོས་འཛིན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ། མྱོས་རྫས་ལངས་ཤོར་གྱི་སྐྱོན་གནད་དང་འགོག་ཐབས། འཚེ་མེད་ཞི་བའི་ལྟ་གྲུབ་དང་འབྲེལ་བའི་སྐོར། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར། གཞོན་སྐྱེས་འགོ་ཁྲིད་ནུས་པ་དང་སྒྱུ་རྩལ་སྐོར་བཅས་ཀྱི་བརྗོད་གཞི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག དེ་བཞིན་ཟབ་སྦྱོང་སྐབས་སློབ་ཕྲུག་ནང་ཁུལ་ལག་རྩེད་སྤོ་ལོ་དང་རྐང་རྩེད་པོ་ལོའི་འགྲན་སྡུར་གནང་རྒྱུ་མ་ཟད། ཤེས་ཡོན་དང་འབྲེལ་བའི་གློག་བརྙན་སྟོན་རྒྱུ་དང་། སློབ་གྲྭ་ཁག་སོ་སོའི་གནས་སྟངས་ངོ་སྤྲོད། ཟློས་གར་གཏམ་བརྗོད་དང་གཞས་སྣ། སྒྱུ་སྩལ་འཁྲབ་སྟོན་སོགས་བྱེད་རྒྱུ་ཡིན་པ་རེད།།
གསར་འགོད་ཆོས་ཉིད་འོད་ཟེར།

Share this:
༣༡༤ ཀློག་གྲངས།