རྒྱ་གར་གནད་ཡོད་མི་སྣས་༸གོང་ས་མཆོག་གི་གྱ་སྟོན་སྲུང་བརྩི།

ཟླ་འདིའི་ཚེས་༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨོ་བྷེ་རོ་ཡི་གསོལ་མགྲོན་ཁང་(Oberoi hotel) དུ་༸གོང་ས་མཆོག་དབུ་བཞུགས་ཐོག རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་དང་། སྲིད་བློན་གཞོན་པ་ཟུར་པ་ཨེལ་ཀེ་ཨ་ཌི་ཝ། ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཁག་གཅིག ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱར་ཐི་(kailash satyarthi) དེ་བཞིན་སྒྱུ་རྩལ་པ་དང་། གློག་བརྙན་འཁྲབ་སྟོན་པ་སོགས་འདུ་འཛོམས་ཀྱིས་༧གོང་ས་མཆོག་གུང་གྲངས་༨༠ ཕེབས་པའི་གྱ་སྟོན་གྱི་སྲུང་བརྩི་ཞུས་ཡོད་པ་རེད།

D4D4053སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། “དེང་སྐབས་འཛམ་གླིང་ནང་བྱམས་བརྩེ་དགོས་པ་དེ་སྔར་དང་མི་འདྲ་བར་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོས་སྟག་དང་གླང་པོ་ཆེས་མི་བསད་འདུག ཅེས་པ་ཐོས་སྐབས་ཧང་སང་ཧོན་འཐོར་བཞིན་ཡོད། འོན་ཀྱང་དེང་སྐབས་ཆོས་ལུགས་དང་རྒྱལ་ཞེན་ལ་ཁ་གཡར་ནས་མིས་མི་གསོད་རྒྱུ་དེ་ཧ་ལམ་འཆར་ཅན་ལྟར་ཆགས་འགྲོ་བཞིན་ཡོད་པའི་གནས་སྟངས་འདི་བློ་ཡུལ་དུ་ཧ་ཅང་ཤོང་དཀའ་བའི་ཐབས་སྡུག་གི་གནས་སྟངས་ཤིག་ཡིན། རྒྱ་གར་བ་ཚོས་རང་ཉིད་ལ་གནའ་རབས་ནས་ཡོད་པའི་ཆོས་ལུགས་མཐུན་སྒྲིལ་གྱི་གོམས་གཤིས་བཟང་པོ་དེ་དག་གོང་སྤེལ་གཏོང་ཐབས་ཆེད་འབད་བརྩོན་ཤུགས་ཆེ་ཙམ་གནང་ནས་གཞན་ལ་དཔེ་སྟོན་ཐུབ་པ་ཞིག་གནང་དགོས། རྒྱ་གར་ནང་ལ་མཚོན་ན་སྐབས་རེ་མི་རེ་ཟུང་གིས་རྙོག་གྲ་བཟོས་པ་ལས་གཞན་ཁྱོན་ཡོངས་ཀྱི་ཆ་ནས་ཆོས་ལུགས་མི་འདྲ་བ་ཡོད་པ་དེ་དག་ཕན་ཚུན་འཆམ་མཐུན་དང་ཞི་བདེ་བག་ཕེབས་ངང་འཚོ་གནས་བྱེད་བཞིན་ཡོད། དེང་དུས་འཁྲུལ་ཆས་རིགས་ཀྱིས་སྒོ་ལྔའི་དབང་ཤེས་ལ་བརྟེན་པའི་བདེ་བ་བསྐྲུན་ཐུབ། འོན་ཀྱང་རྒྱ་གར་གནའ་རབས་ཀྱི་དཔལ་ན་ལེནྡྲའི་སྲོལ་རྒྱུན་ནས་དར་བའི་བསླབ་བྱ་དེ་དག་གིས་ནང་གི་བདེ་སྐྱིད་བསྐྲུན་ཐུབ་”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས། “ད་ཆ་བསམ་བློའི་འཕྲོད་བསྟེན་དེའང་ཧ་ཅང་གལ་ཆེན་པོ་ཡིན་པ་ཚན་རིག་པ་དང་ལྷག་པར་སྨན་གྱི་ཚན་རིག་པ་ཚོས་བརྗོད་བཞིན་ཡོད། དེར་བརྟེན་ངོས་ཀྱིས་བསམ་བློའི་ས་ཁྲ་ལྟ་བུ་ཞིག་དགོས་གལ་ཆེན་པོ་ཡིན་པ་བརྗོད་ཀྱི་ཡོད། བྱམས་པ་དང་བརྩེ་བ། བཟོད་སྲན་སོགས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་བར་ཆོས་ལུགས་བྱེ་བྲག་པ་ཞིག་ལ་ངེས་པར་བརྟེན་དགོས་པ་གང་ཡང་མེད། དེང་སྐབས་ཤེས་ཡོན་ལམ་ལུགས་ནང་རིན་ཐང་དེ་དག་འགྲོ་བ་མིར་གཞི་རྩའི་དགོས་མཁོའི་ཆ་ཤས་ཤིག་ཡིན་པ་ར་སྤྲོད་བྱས་ནས་འགྲོ་བ་མི་རིགས་སྤྱིའི་བདེ་དོན་གོང་མཐོར་གཏོང་དགོས་པ་ཧ་ཅང་གལ་གནད་ཆགས་ཡོད་”ཅེས་གསུངས་ཡོད་པ་རེད།

སྐབས་དེར་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒས་ཚོགས་བཅར་བ་ཡོངས་ཀྱི་ཚབས་ཞུས་ནས་༸གོང་ས་མཆོག་ལ་ཙན་དན་ལས་གྲུབ་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་རྩེ་མོར་ཆོས་ཀྱི་འཁོར་ལོ་ཡོད་པ་བཟོ་བསྐོས་ཧ་ཅང་ལེགས་པ་ཞིག་ཕྱག་རྟགས་སུ་འབུལ་བཞེས་མཛད།

Share this:
༡༠༣ ཀློག་གྲངས།