རྩོམ་ཡིག་ཅིག་བྲིས་པ་ཀློག་མཁན་རྒྱལ་སྤྱིའི་མི་མང་ཡོད་པ་རེད།

ཟླ་འདིའི་ཚེས་༩ ཉིན་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ལྔ་པ་དེ་དྷ་ས་མེག་གྷན་དུ་འཚོགས་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཁས་དབང་བཀྲ་ཤིས་ཚེ་རིང་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གཉིས་ཕེབས་ཡོད་པ་རེད།

pen1བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཨ་རིག་དགེ་མཐོང་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་སྐབས། མཐུན་ཚོགས་དེ་ཐོག་མར་བཙུགས་པའི་བརྒྱུད་རིམ་དང་། རྒྱལ་སྤྱིའི་པེན་ཚོགས་མའི་ནང་འཛུལ་ཞུགས་བྱས་པའི་བརྒྱུད་རིམ། ཚོགས་པའི་མིང་ཐོག་ནས་ཚོགས་མི་ཕྱི་རྒྱལ་ལ་རྒྱལ་སྤྱིའི་ཚོགས་ཆེན་ཐོག་ཞུགས་ནས་ཚུར་མ་ཡོང་བར་དཀའ་ངལ་འཕྲད་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། ཐེངས་འདུའི་རྒྱུན་ལས་ཀྱི་ངོས་ནས་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐོག་རྒྱུན་ལས་ཚོ་ལས་གཞན་མ་བཏང་བར་ཐེངས་གསུམ་ལ་ཚོགས་ཞུགས་པ་དང་ཚུར་ཚང་སླེབས་ཡོད་སྐོར། དེ་བཞིན་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐོག་བོད་ཀྱི་སྐད་ཡིག་གི་གནས་སྟངས་དང་། བཙོན་འོག་གི་བོད་ཀྱི་རྩོམ་པ་པོའི་གནས་སྟངས་ཁག་ནས་ངོ་སྤྲོད་ཐུབ་པ་བྱུང་བ་མ་ཟད། བོད་ཀྱི་རྩོམ་པ་པོ་སྲུང་སྐྱོབས་སྐོར་གྲོས་ཆོད་ཁག་ཅིག་ཀྱང་འཇོག་ཐུབ་ཡོད་སྐོར། བོད་ཀྱི་རྩ་དོན་དང་མི་རིགས་ཀྱི་ཆེད་དུ་བོད་ནང་བྲིས་ནས་རྒྱ་ནག་གི་དབང་བསྒྱུར་འོག་པར་སྐྲུན་བྱེད་མ་ཐུབ་པའི་དེབ་ཁག་ཅིག་པར་སྐྲུན་བྱས་ཡོད་སྐོར་ཡང་ངོ་སྤྲོད་གནང་སོང་།

ཉིན་དེའི་སྐྲུ་མགྲོན་གཙོ་བོ་མཁས་དབང་བཀྲ་ཤིས་ཚེ་རིང་གིས་བཙན་བྱོལ་ནང་བོད་ཀྱི་རྩོམ་པ་པོའི་དཀའ་ངལ་དང་འབྲེལ་ནས་གསུང་བཤད་གནང་སྐབས། བོད་མི་ཚོ་སྐྱབས་བཅོལ་དུ་སླེབས་ནས་བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་ལ་བཙན་བྱོལ་བོད་མི་ཚོས་ནང་ནས་དཀའ་ངལ་སྤྲད་པ་དང་། འབུར་འཇོམ་བྱེད་ཐབས་བྱས་པ། བརྩམས་ཆོས་པར་སྐྲུན་བྱེད་མ་བཅུག་པ་སོགས་ཀྱི་གནས་ཚུལ་བྱུང་སྐོར་རྩོམ་པ་པོ་དང་བརྩམས་ཆོས་ཁག་ཅིག་དཔེ་མཚོན་དུ་བགྲངས་ནས་ངོ་སྤྲོད་གནང་བ་དང་། དུས་རྒྱུན་དུ་ལས་དོན་བྱེད་ཕྱོགས་ཁག་ཅིག་ལམ་སྟོན་གནང་ཡོད་པ་རེད།

pen2ཉིན་དེའི་སྐུ་མགྲོན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གྱིས་གསུང་བཤད་གནང་སྐབས། བོད་ལ་རྒྱ་ནག་གིས་དབང་བསྒྱུར་རྗེས་རྒྱ་ནག་བོད་ལ་བཅིངས་གྲོལ་བཏང་ཡོད་སྐོར་དང་། བདེ་སྐྱིད་བསྐྲུན་ཡོད་སྐོར་དྲིལ་བསྒྲགས་ཤུགས་ཆེན་བྱེད་སྐབས། བཙན་བྱོལ་ནང་ནས་༧གོང་ས་མཆོག་གི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་དང་། རྩོམ་པ་པོ་ཚོས་རིམ་པས་བོད་ཀྱི་གནས་སྟངས་ངོ་སྤྲོད་བྱས་ཏེ། བོད་མི་རང་གིས་བོད་ཀྱི་གནས་སྟངས་ངོ་སྤྲོད་ཐུབ་ཡོད་སྐོར། དེ་བཞིན་དབྱིན་ཡིག་དུས་དེབ་བོད་གནས་བསྐྱར་ཞིབ་དེ་བོད་ཀྱི་གནས་སྟངས་ག་འདྲ་ཡིན་པ་དོ་སྣང་བྱེད་སའི་དུས་དེབ་གལ་ཆེན་ཞིག་ཆགས་སྐོར་ངོ་སྤྲོད་གནང་སོང་། དེ་བཞིན་ཁོང་གིས་ “རྩོམ་ཡིག་འབྲི་སྐབས་མི་གཅིག་གི་བསམ་ཚུལ་ཡིན་པས། འཛམ་གླིང་ནང་ཁྱད་པར་ཞིག་བཟོ་ཐུབ་མིན་སྐོར་ལ་བསམ་ཚུལ་དང་སེམས་ཁྲལ་ཡོང་གི་ཡོད་ནའང་། རྩོམ་ཡིག་གཅིག་བྲིས་པ་དེ་མི་དང་མིའི་སྐད་ཆ་བཤད་པ་མ་རེད་དེ། ཀློག་མཁན་རྒྱལ་སྤྱིའི་མི་མང་ཡོད་པ་རེད། བོད་ཀྱི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་དུ་འགྲོ་ཡི་ཡོད་པས། དུས་རྒྱུན་རྩོམ་གྱི་ནུས་པ་ཆེ་ཡི་རེད་དམ། གྲིའི་ནུས་པ་ཆེ་ཡི་རེད་ཅེས་བསམ་ཚུལ་ཡོང་གི་ཡོད་པ་རེད། ཡིན་ཡང་ནུས་པ་ཆེ་བ་དེ་སྨྱུ་གུ་ཡིན་པ་དེ་བཟོ་དགོས་པ་རྩོམ་པ་པོ་ཚང་མར་འགན་ཡོད་པ་རེད་”ཅེས་གསུངས་སོང་།

བོད་ཀྱི་རྩོམ་པ་པོོའི་མཐུན་ཚོགས་ནི་༡༩༩༩ ལོར་དྷ་སར་གསར་འཛུགས་བྱས་པ་དང་། ད་ལྟ་ཚོགས་མི་བརྒྱ་ལྷག་ཡོད་འདུག ཐེངས་འདིའི་ཚོགས་ཆེན་ཐེངས་ལྔ་པ་ཉིན་གཉིས་རིང་འཚོགས་ཏེ། རྩོམ་པ་པོ་ཁག་ཅིག་གིས་རྩོམ་རིག་སྐོར་ལ་གཏམ་བཤད་དང་། མ་འོངས་ལས་དོན་བྱེད་ཕྱོགས་ལ་གྲོས་བསྡུར་གྲོས་ཆོད། རྒྱུན་ལས་གསར་འདེམས་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

Share this:
༡༣༧ ཀློག་གྲངས།