སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་ཐེངས་ཉེར་བདུན་པ།

སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་ཐེངས་༢༧ པ་ཕྱི་ལོ་༢༠༡༦ ཟླ་༡ ཚེས་༡༠ བོད་ཟླ་༡༢ ཚེས་༡ ཉིན། གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་ཤར་ལྷོ་ནུབ་བྱང་གི་ཕྱོགས་རྣམས་སུ་དབུ་འཛུགས་གནང་ཡོད་པ་རེད།
dorden2ལོ་འདིའི་རྡོར་གདན་སྨོན་ལམ་ཆེན་མོ་ནི་ཐེངས་༢༧ པ་དེ་ཡིན་པ་དང་། ལོ་འདི་ཡང་འཆར་ཅན་ལྟར་སྨོན་ལམ་ཆེན་མོ་བོད་ཟླ་༡༢ པའི་ཚེས་༡ ནས་༡༠ འཚོགས་བཞིན་ཡོད་པ་དང་། བོད་ཚེས་༡༡ ཉིན་ཉེ་བའི་ཆར་སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དང་མཆོག་དང་། སྔ་འགྱུར་རྙིང་མ་པའི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་རྣམ་གཉིས་སྐུ་ཞི་བར་གཤེགས་པར་དགོངས་རྫོགས་སྨོན་ལམ་དང་མཆོད་འབུལ་དམིགས་བསལ་གྱིས་འཚོག་རྒྱུ་ཡིན་འདུག་པ་དང་། སྨོན་ལམ་ཆེན་མོའི་སྐབས་འདི་དང་བསྟུན་ནས་སྔ་དགོང་རྣམས་སུའང་སྨོན་ལམ་མཆོད་འབུལ་རྒྱ་ཆེན་གནང་བཞིན་འདུག
ལོ་འདིར་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོའི་ཚོགས་གཙོ་རྣམ་གླིང་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང། རྣམ་གླིང་དབུ་འཛིན་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་མཆོད་རྟེན་རིན་པོ་ཆེའི་ནུབ་ཕྱོགས་བྱང་ཆུབ་ལྗོན་ཤིང་འགྲམ་གྱི་དབུ་བཞུགས་གནང་འདུག་པ་དང། སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་དང། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་རྣམ་གཉིས་ཀྱིས་མཆོད་རྟེན་རིན་པོ་ཆེའི་བྱང་ཕྱོགས་ཀྱི་དབུ་བཞུགས་གནང་འདུག མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེས་མཆོད་རྟེན་ཤར་ཕྱོགས་ཀྱི་དབུ་བཞུགས་དང་། སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེས་མཆོད་རྟེན་ལྷོ་ཕྱོགས་ཀྱི་དབུ་བཞུགས་གནང་འདུག་པ་སོགས། བླ་སྤྲུལ་དང་མཁན་སློབ་གྲྭ་བཙུན་སྔགས་གསུམ་གྲངས་བརྒྱད་སྟོང་ཙམ་སྨོན་ལམ་ཆེན་པོར་ཕེབས་ཡོད་འདུག
dorden4ལོ་འདིར་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་གོ་སྒྲིག་བྱེད་མཁན་ནི། བལ་ཡུལ་ཕྱོགས་ཀྱི་སྔ་འགྱུར་རྙིང་མ་པའི་དགོན་སྡེ་ཁག་རེད་འདུག་ལ། སྔ་འགྱུར་རྙིང་མ་པའི་སྨོན་ལམ་ཆེན་མོའི་སྦྱིན་བདག་གཙོ་བོ་ཨ་རིར་གནས་བཞུགས་སྐྱབས་རྗེ་དར་ཐང་རིན་པོ་ཆེ་མཆོག་གིས་ལོ་འདིར་ཡང་། ཀུན་མཁྱེན་ཀློང་ཆེན་པའི་གསུང་འབུམ་དང། འཇམ་མགོན་མི་ཕམ་པའི་གསུང་འབུམ་སོགས་སྐུ་གསུང་ཐུགས་རྟེན་མང་པོ་ཞིག་རིས་མེད་དགོན་སྡེ་ཁག་སོགས་ལ་རིན་མེད་ཆོས་སྦྱིན་དུ་གནང་རྒྱུ་ཡིན་འདུག།།

Share this:
༡༣༩༤ ཀློག་གྲངས།