བཀའ་སྤྱི་གཉིས་ལ་ཡུ་རོབ་སྤྱི་འཐུས་གཉིས་ཀྱི་སྙན་ཞུ།

ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་བཀྲས་མཐོང་དབང་པོ་གཉིས་བཙན་བྱོལ་བོད་མིའི་གནས་བབས་དང་འབྲེལ་བའི་སྙན་ཞུ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་ལ། ནུབ་ཕྱོགས་སུ་དུས་རབས་ཉེར་གཅིག་པའི་ནང་བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ཚད་ལྡན་ཞིག་བསྐྲུན་རྒྱུའི་སྙན་ཞུ་འབུལ་ལམ་ཞུས་པ།

འདས་པའི་ལོ་ཤས་ནང་བོད་མི་སུམ་ཁྲི་བརྒལ་བ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྤོས་བྱས་ཟིན་པ་དང་། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་རེད། ཕྱོགས་གཅིག་ནས་དེ་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ལ་གདོང་ལེན་ཆེན་པོ་ཞིག་འཕྲད་གྱི་ཡོད་རེད། ཕྱོགས་གཞན་ཞིག་ནས་བལྟས་ན་ནུབ་ཕྱོགས་རྒྱལ་ཁབ་ནང་ཚད་ལྡན་བོད་མིའི་སྤྱི་ཚོགས་ཞིག་བསྐྲུན་རྒྱུའི་གོ་སྐབས་ཧ་ཅང་ཆེན་པོ་ཞིག་གྲོགས་སུ་གྱུར་བ་རེད།

དམིགས་ཡུལ་དེའི་དོན་སྙིང་གཙོ་བོ་དེ་ཚོགས་སྡེ་ཞིག་གི་སྒོ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། བྱེ་བྲག་བོད་ཀྱི་ངོ་བོ་དེ་གཅེས་འཛིན་བྱེད་མཁན་དེ་རེད། དམིགས་ཡུལ་དེ་དག་འགྲུབ་པར་གཞོན་སྐྱེས་དང་ཕ་མ།  ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་ཚོགས་སྡེ་ཁག།དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་བཅས་ཚང་མས་འབད་བརྩོན་མཉམ་རུབ་བྱེད་དགོས་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ལམ་སྟོན་སྔར་ལས་བཟང་བ་ཞིག་གནང་དགོས་ཐབས་ཞུ་རྒྱུ།

ང་ཚོའི་དགོས་འདུན་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་ཚོགས་སྡེ་ཁག་ནང་ལ་རིག་གཞུང་གཅེས་འཛིན་གྱི་འགན་འཁུར་བཞེས་ནས་ཡུལ་དང་མོས་པ་ལ་མཐུན་པའི་ཆབ་སྲིད་ཀྱི་འགན་འཁྲི་བཞེས་དགོས་གལ་མཐོང་།

ནུབ་ཕྱོགས་སུ་ཡོད་པའི་བོད་མི་ཚོ་མཉམ་གནས་ཡོང་རྒྱུར་དཔེར་ན་ལྷ་ཁང་དང་། ཟབ་སྦྱོང་ཁང་།   འཛིན་གྲྭའི་ཚོགས་ཁང་། ཟ་ཁང་དང་།   སྤྲོ་སྐྱིད་ཁང་།   ཚོང་དོན་གོ་སྐབས་དང་ཉམས་མྱོང་བརྗེ་ལེན་ཁང་།   དཔེ་མཛོད།   ཚོགས་ཁང་སོགས་ཆ་རྐྱེན་འཛོམས་པའི་སྤྱི་ཁང་དེ་འདྲ་ཤིན་ཏུ་ནས་གལ་ཆེན་མཐོང་གི་འདུག།   ཆ་རྐྱེན་དེ་འདྲ་ནུབ་ཕྱོགས་ས་ཁུལ་ཁ་ཤས་ལ་ཡོད་ཀྱང་ང་ཚོའི་དེ་ལས་གྲ་རྒྱས་པ་བཟོ་ཐབས་གནང་དགོས་རྒྱུ།

ནུབ་ཕྱོགས་སུ་གནས་སྡོད་བྱེད་པའི་བོད་ཀྱི་མི་འབོར་དེ་ནུས་ཤུགས་ཆེན་པོ་ཞིག་ཡིན་པར་ང་ཚོས་ངོས་འཛིན་དང་(Tibet Corps)དྭང་ཞབས་ཀྱི་ལས་གཞི་དེ་ངེས་པར་དུ་རྒྱ་བསྐྱེད་བྱས་ནས། ལོ་ན་རྒན་གཞོན་ཚང་མར་བཙན་བྱོལ་ནང་གི་ལས་འགན་འདྲ་མིན་ལ་འཛུལ་ཞུགས་གནང་ཆེད་བློ་ལ་འཐད་པའི་ལས་ཀའི་གོ་སྐབས་སྣ་ཚོགས་གསར་གཏོད་གནང་དགོས།

རྒྱུ་མཚན་དེ་དག་ལ་བརྟེན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ནུབ་ཕྱོགས་སུ་གནས་པའི་བོད་ཀྱི་ཚོགས་སྡེ་ཁག་ལ་མ་འོངས་ལམ་སྟོན་གྱི་རྒྱ་ཆེའི་འཆར་འགོད་ཞིག་གསར་སྐྲུན་གནང་ཐབས་དགོས་རྒྱུ།

༡  འཆར་འགོད་གསར་སྐྲུན་དེ་སྙིང་སྟོབས་ཅན་དང་།  དངོས་ཡོད་གནས་ཚུལ་དང་མཐུན་ཞིང་།  གསར་གཏོད་ཀྱི་རང་བཞིན་ངང་ནས་ཡིག་ཐོག་ཏུ་བཀོད་སྒྲིག་བྱེད་རྒྱུར་མཁས་པ་ཁག་ཅིག་བསྐོ་བཞག་གནང་དགོས།

༢ ང་ཚོའི་ཕ་མེས་ནས་བརྒྱུད་པའི་རིག་གཞུང་དེ་གཅེས་སྲུང་བྱེད་པར་དེང་རབས་ཅན་གྱི་ཆ་རྐྱེན་སྦྱོར་དགོས་རྒྱུ།

༣ གསར་དུ་འབྱོར་བའི་བོད་རིགས་རྣམས་ཀྱི་ཆེད་དུ་ལས་ཀ་དང་ཚོང་ལས་ཀྱི་གོ་སྐབས་ལ་དཔྱད་ཞིབ་དང་ཁོང་ཚོར་དགོས་ངེས་ཀྱི་ཆ་རྐྱེན་སྦྱོར་ཐབས་དགོས་རྒྱུ།

༤  ནུབ་ཕྱོགས་རྒྱལ་ཁབ་ཏུ་ཡོད་པའི་བོད་མི་རྣམས་ནས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་རྣམས་ལ་མཐུན་འགྱུར་ཕན་ཐོགས་ཡོང་རྒྱུའི་ལས་འཆར་ཁག་བཟོ་དགོས།

༥  ལག་ཐོག་འཁེལ་བའི་ལས་འགུལ་དམིགས་བཀར་ཅན་གྱི་སྲིད་ཇུས་གསར་སྐྲུན་དེ་སྤྱི་ལོ་ ༢༠༡༧ ནང་ཚུད་ལ་བོད་མི་མང་སྤྱི་འཐུས་དང་མི་མང་ལ་འབུལ་གནང་ཐུབ་པ་གནང་དགོས་རྒྱུ་བཅས།  །།

 

Share this:
༡༣༠ ཀློག་གྲངས།