གོ་སྐབས་མེད་པའི་གོ་སྐབས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༧༧  ཕྱི་ལོ་ ༢༠༡༦/༡/༡༣   
བོད་ཀྱི་རྒྱལ་ཁབ་བཙན་འཕྲོགས་བྱས་པ་ནས་བཟུང་རང་དབང་ཡོངས་རྫོགས་ཤོར་བས། ཆོས་དང་རིག་གནས་རྒྱུན་འཛིན་བྱེད་པའི་གོ་སྐབས་བཟང་པོ་ཞིག་མེད་པ་ནི་སྨྲོས་མི་དགོས་པ་རེད། འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་གྱར་དགོས་བྱུང་ཞིང། དེ་ཡང་གཙོ་ཆེ་ཤོས་རྒྱ་གར་ནི་བོད་པའི་ཆོས་དང་རིག་གནས་ལོ་རྒྱུས་བཅས་ཀྱི་ཐོག་ནས་བཟང་འབྲེལ་ཆེ་ཤོས་ཁོ་ན་དེ་ཡིན་པ་དང། བོད་པ་རྣམས་ཀྱིས་ཀྱང་ཡུལ་གྱར་དུ་འགྲོ་དགོས་བྱུང་བའི་ཉིན་མོ་ནས་རེ་བའི་གཏད་སོ་ནི་རྒྱ་གར་ཡིན་ལ། བོད་པ་སྐྱབས་བཅོལ་དུ་སླེབས་ནས་ད་བར་རྒྱ་གར་གཞུང་གིས་མཐུན་འགྱུར་རོགས་རམ་བསམ་གྱིས་མི་ཁྱབ་པ་གནང་ཡོད། དེར་བརྟེན་བོད་པ་རྣམས་ལ་གོ་སྐབས་གསར་པ་མང་པོ་ཞིག་ཐོབ་ཡོད་པ་དང། ད་ཆ་གྲངས་མང་ཉུང་ལ་མ་ལྟོས་པར་བཙན་བྱོལ་བོད་མིས་འཛམ་གླིང་ཤར་ནུབ་གང་སར་མ་ཁྱབ་པ་མེད་པ་ལྟ་བུ་བྱུང་ཡོད།

ལྷག་པར་དུ་བོད་གངས་ཅན་ལྗོངས་ནི་གཙོ་བོ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྗེས་སུ་འབྲངས་མཁན་གྱི་སྤྱི་ཚོགས་ཤིག་ཡིན་པ་དང། རྒྱ་གར་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་འབྱུང་ཁུངས་ཡིན་པ་ཙམ་དུ་མ་ཟད། འདས་པའི་ལོ་རྒྱུས་ཁྲོད་ནང་པ་དར་ཁྱབ་ཆེ་ཤོས་ཀྱི་ཡུལ་གྲུ་ཞིག་ཏུའང་གྱུར་མྱོང་བ་ནི་སྨྲོས་མི་དགོས་པ་རེད། ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་རྒྱ་གར་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་ཉམས་གུད་ཆེན་པོ་བྱུང་ཡོད་ཀྱང། བོད་ལ་མཚོན་ན་ཕྱི་ལོའི་དུས་རབས་བདུན་པ་ནས་བཟུང་རིམ་པས་ནང་པའི་ཆོས་དང་བོད་མི་རིགས་གཉིས་ངོ་བོ་དབྱེར་མེད་ལྟ་བུར་གྱུར་ཡོད་ཅེས་བརྗོད་ཀྱང་ཆོག་པ་ལྟ་བུ་བྱུང་མྱོང། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་བོད་དུ་ནང་པའི་ཆོས་ལ་དར་རྒུད་སྣ་ཚོགས་བྱུང་མྱོང་ཡང། ནང་པ་སངས་རྒྱས་པའི་ཆོས་ལུགས་ཉམས་ལེན་བྱེད་མཁན་གྱི་རྒྱུད་པ་ནི་གནའ་ནས་ད་བར་གཏན་ནས་ཆད་མྱོང་མེད་པའི་ཡུལ་གྲུ་ཞིག་ཏུ་གྱུར་ཡོད།

དེར་བརྟེན་རྒྱ་གར་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་སླར་གསོའི་ཆེད་བོད་པའི་ངོས་ནས་ཀྱང་ཞབས་འདེགས་མི་དམན་པ་ཞིག་ཞུ་ཐུབ་པ་བྱུང་ཡོད་ལ། ནང་པ་སངས་རྒྱས་པའི་གནས་རྩ་ཆེ་ཤོས་བསྐལ་བཟང་རྣམ་འདྲེན་བཞི་པ་བདག་ཅག་གི་སྟོན་པ་དང་བཅས་བཞི་གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་ཤིང། མ་འོངས་པར་འབྱོན་པར་འགྱུར་བའི་བསྐལ་བཟང་སངས་རྒྱས་༩༩༦ ཀྱང་གནས་མཆོག་འདི་ནས་འཚང་རྒྱ་རྒྱུ་ཡིན་པའི་ལུང་བསྟན་གསལ་པོ་ཡོད་པས། ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་བཤད་ན་གནས་འདི་ལས་རྩ་ཆེ་བའི་གནས་གཞན་ཞིག་གཏན་ནས་ཡོད་མི་སྲིད་པ་རེད། འཛམ་གླིང་གི་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡོངས་སུ་རྫོགས་པའི་ནང་ནས་ཧ་ཅང་ཉམ་ཆུང་ཤོས་ཡིན་པ་བོད་པའི་ངོས་ནས། ད་ལྟའི་ཆར་གནས་ཆེན་འདིར་རྟེན་གཞི་འཛུགས་སྟངས་ཀྱི་ཆ་ནས་འཛམ་གླིང་གི་ནང་པའི་རྗེས་འཇུག་སྟོབས་ཆེན་རྒྱལ་ཁབ་གཞན་སུ་གཅིག་དང་བསྡུར་ཐབས་མེད་པ་ཞིག་ཏུ་གྱུར་ཟིན་པ་རེད།

བོད་པར་མཚོན་ན་དེ་ནི་གོ་སྐབས་མེད་པའི་གོ་སྐབས་ཉག་གཅིག་ཏུ་གྱུར་ཡོད་ལ། གལ་སྲིད་༧གོང་ས་མཆོག་གིས་དབུས་བོད་མི་མང་པོ་ཞིག་སྐྱབས་བཅོལ་དུ་སླེབས་མེད་ན། བོད་པས་གནས་མཆོག་རྡོ་རྗེ་གདན་དུ་འདི་ལྟ་བུའི་རྟེན་གཞི་བཟང་པོ་འཛུགས་རྒྱུའི་གོ་སྐབས་ཀྱང་མེད་པ་ཧ་ཅང་གསལ་པོ་རེད། ཆོས་ཕྱོགས་ཁོ་ནའི་ངོས་ནས་བཤད་ན་གནས་མཆོག་རྡོ་རྗེ་གདན་དུ་བོད་པའི་ཆོས་བརྒྱུད་ཚང་མས་དགོན་པ་དང་ལྷ་ཁང་མང་པོ་གསར་བཞེངས་ཞུས་ཡོད་པ་དང། ཆོས་བརྒྱུད་ཁག་གི་སྨོན་ལམ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་འཚོགས་སྲོལ་ཆགས་ཡོད་པ་ནི། གལ་ཆེ་དོན་ཆེ་ཞིག་ཏུ་གྱུར་ཡོད་པ་དང། ད་ལྟའི་ཆར་བྷི་ཧར་སྤྱི་དང་ལྷག་པར་དུ་རྡོ་རྗེ་གདན་གྱི་གཡས་གཡོན་ནི་གནས་སྟངས་དང་མཐུན་རྐྱེན་ཧ་ཅང་སྐྱོ་བའི་ས་གནས་ཤིག་ཡིན་ནའང།  ནང་པ་སངས་རྒྱས་པའི་ཆོས་དང་དེའི་རྒྱུན་འཛིན་པ་དག་ལ་མདུན་ལམ་ཆེན་པོ་ཞིག་ཡོད་པའི་དབང་དུ་བཏང་ན་གནས་འདི་ནི་ཆེས་གཟི་བརྗིད་དང་གལ་གནད་ཅན་ཞིག་ཏུ་གྱུར་ཡོད།

མདོར་ན་ད་ལྟའི་དུས་འདིར་བོད་པ་མང་ཆེ་བའི་ངོས་ནས་ཕྱི་དངོས་པོའི་དཔལ་ཡོན་ཙམ་ལས། ནང་བསམ་པའི་དཔལ་ཡོན་ལ་གལ་ཆེན་པོ་དེ་ཙམ་དུ་མི་བརྩི་བའི་ཚད་དུ་གྱུར་ཡོད་པ་དང།  ད་དུང་ཁ་གསལ་ཙམ་བཤད་ན་ཚེ་དབང་ཙམ་ཞུ་བ་དང། བསངས་གསོལ་གཏོང་བ་ཙམ་ལས་ཆོས་ཕྱོགས་ཀྱི་བྱ་བ་མང་ཆེ་བ་བཙན་བྱོལ་བོད་མི་དང་འབྲེལ་བ་དེ་ཙམ་མེད་པའི་ཚད་དུ་གྱུར་ཡོད་པས། ནང་པ་སངས་རྒྱས་པའི་གནས་ཀྱི་གལ་གནད་དང། ལྷག་པར་དུ་གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་པའི་བཤད་སྟངས་འདི་དག་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བྲིན་ཁ་རྒྱུག་པ་ཞིག་མིན་ནའང། ཕྱི་དངོས་པོ་ཁོ་ནའི་ཁེ་ཕན་གྱི་ཐོག་ནས་བཤད་ཀྱང་གནད་དོན་འདི་ནི་གལ་གནད་མེད་པ་ཞིག་ཏུ་གཏན་ནས་གྱུར་མེད། དེར་བརྟེན་བོད་པའི་ངོས་ནས་ཕྱིའི་དངོས་པོ་དང་ནང་བསམ་པའི་དཔལ་ཡོན་གཉིས་ཀ་འབྲེལ་བའི་གོ་སྐབས་འདི་ཉིད་ལ་དོ་སྣང་སྔར་ལྷག་བྱེད་དགོས་པ་གལ་ཆེ་བར་སྣང།།

Share this:
༡༠༨ ཀློག་གྲངས།