སེམས་ཁོང་ནས་འཕྱུར་བའི་བསམ་ཚུལ།

དེ་རིང་བཤད་འདོད་པ་ནི་དེང་སྐབས་ང་ཚོའི་སྲིད་སྤྱིའི་འོས་འདེམ་སླེབས་ཉེ་ལ་སོགས་ཀྱི་གནད་དོན་སྐོར་ལ་ཡིན་ཞིང་། འགའ་ཤས་ཀྱིས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་བཞིན་འདུག་སྙམ་པའི་བསམ་བློ་འཁོར་ཡང་སྲིད། གང་ལྟར་ཡང་ཚིག་ཁ་ཤས་ཀྱི་ཞུ་བར་འདོད།
དང་པོ།  དེང་སྐབས་སྲིད་སྤྱི་འོས་འདེམས་དངོས་གཞིར་སླེབས་ཉེ་དུས་འདིར་སྤྱི་ཚོགས་ནང་ལ་ལབ་གླེང་དང་། སྐད་འཕྲིན་ཚོགས་པ་འདྲ་མིན་ནང་བགློ་གླེང་དང་།  དྲ་རྒྱ་སོགས་སུ་དམངས་གཙོའི་ཁ་དབྱངས་འཐེན་ནས་འགན་འཁུར་མེད་པའི་གཏམ་བཤད་དང་།  འགན་འཁུར་མེད་པའི་འབྲི་རྩོམ། འགན་འཁུར་མེད་པའི་དམའ་འབེབས་བྱེད་མཁན་དབྱར་གྱི་ཤ་མོང་བརྡོལ་བ་ལྟར་བྱེད་བཞིན་མཆིས། གཅིག་བྱས་ན་དགའ་འོས་པའི་གནས་སྟངས་ཤིག་ལོས་ཡིན་སྙམ་ཡང་། དེ་དག་ནི་ང་ཚོའི་སྤྱི་ཚོགས་ཞོ་ལྟར་ཆགས་པ་འདི་ཁྲག་ལྟར་དཀྲུག་པའི་གཞི་རྩར་མི་འགྱུར་བའི་ངེས་པ་ཡང་མི་འདུག་སྙམ་ནས་བློ་འཚབ་ཅིག་ཀྱང་སྐྱེ་འོང་གི་འདུག་ཅིང་། རྒྱབ་སྐྱོར་གནང་མཁན་ཚོས་གནས་སྐབས་ཀྱི་གནད་དོན་གྱི་ཆེད་དུ་མ་ཡིན་པས་ཕུག་རྒྱང་རིང་པོའི་དགོངས་པ་བཞེས་དགོས་པ་མཐོང་ལ། སྲིད་སྐྱོང་བཞེངས་མཁན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཚུལ་གྱི་ཕ་རོལ་འགྲན་རྩོད་པ་དེ་ལ་སྐྱོན་བརྗོད་བྱེད་དགོས་སྣང་ཤར་གྱི་མེད་དམ་སྙམ་པའི་ཚོར་སྣང་རང་བཞིན་མེད་པ་ཤར་ཡོང་གི་འདུག། གཅིག་བྱས་ན་ང་རང་ལྟ་རྒྱ་དང་མཐོང་རྒྱ་ཆུང་བའི་སྐྱོན་ཡིན་ཤས་ཆེ། སྐྱོན་བརྗོད་དེ་དག་ནི་ང་ཚོའི་སྤྱི་ཚོགས་ནང་ཕན་ལས་གནོད་ཚབས་ཆེ་བ་མངོན་ཞིང་། རྒྱུ་མཚན་ནི་སྲིད་སྐྱོང་ལ་བཞེངས་མཁན་ཁོང་རྣམ་པ་ནི་ང་ཚོའི་སྤྱི་ཚོགས་ནང་གི་གྲགས་ཅན་མི་སྣ་ཡིན་ན་གཞི་མེད་ཀྱི་ཁོང་རྣམས་ལ་སྐྱོན་རྗོད་བྱས་པ་དེ་དག་ནི་རང་མགོར་རང་གིས་ཐལ་བ་བླུགས་པ་དང་ཀུན་ནས་མཚུངས། ང་ཚོའི་སྲིད་སྐྱོང་སུ་འདྲ་ཞིག་འོས་འདེམས་གནང་བ་ཡིན་ན། དེའི་དགེ་མཚན་དང་། འཇོན་ཐང་། བོད་རྒྱའི་དཀའ་རྙོག་སེལ་ཐུབ་མིན། མི་དམངས་ཀྱི་བདེ་སྡུག་ལ་སེམས་འཁུར། རང་གཞུང་གི་འཛིན་སྐྱོང་ཚགས་ཚུད།  ཤེས་ཡོན་འཕེལ་རྒྱས། གཞིས་ཆགས་སྲ་བརྟན་ལ་སོགས་ཕན་ནུས་ཇི་ལྟར་ཐོན་མིན་སོགས་ཀྱི་ཐོག་ལ་ཕན་ཚུན་བསམ་ཚུལ་བཤད་ན་དགེ་མཚན་ཆེ་བ་ལས། ང་ཚོ་ནང་ཁུལ་ང་དང་ཁྱོད་ཅེས་རྩོད་ནས་ལས་འགུལ་སྤེལ་བསྡད་ན་ང་ཚོའི་ཆིག་སྒྲིལ་གྱིས་སྟོབས་ཤུགས་ལ་གནོད་པ་ལས་ཕན་པ་ཅི་ཡང་མེད། ང་ཚོའི་བརྟན་ལྷིང་གཏན་ནས་ཡོང་མི་ཐུབ་པ་དེ་རེད་ལ། ང་ཚོའི་སྤྱི་ཚོགས་འཁྲུག་ཆ་དོད་པོ་གྱུར་ནས་དགྲ་དགའ་གཉེན་སྡུག་མི་འགྱུར་བའི་ངེས་པ་མེད་ཅིང་། བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན། བསམ་བློ་མཇུག་ལ་འཁོར་ན་བླུན་པོ་ཡིན་ཞེས་པ་ལྟར་རེད་སྙམ།
གཉིས་པ
ཕྱི་ལོ་༡༩༤༩ ལོར་བོད་ཀྱི་མཐའ་མཚམས་ཁག་ནས་རྒྱ་དམག་བཙན་འཛུལ་བྱེད་མགོ་བཙུགས་ཏེ་བོད་དམག་དང་ཡུལ་དམག་དྭང་བླངས་རྣམས་ཀྱིས་སྔོན་འགོག་བྱེད་ཐབས་བྱས་ཀྱང་གོ་ལག་ཆ་བཟང་ཞན་དང་། གྲ་སྒྲིག་ཚུལ་མཐུན་མེད་དབང་གིས་མཐར་བོད་ས་ཡོངས་རྫོགས་དྲག་པོའི་བཙན་འོག་ཏུ་ཚུད། སྐབས་དེར་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོས་ཁམས་ཕྱོགས་ལ་སོགས་གནད་ཡོད་དུ་མ་ཞིག་གིས་རང་སྲོག་འདོམ་གང་འབེན་ལ་བཙུགས་ཏེ་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་རྒྱ་དམར་ལ་གདོང་ལེན་གནང་ཡོད་ཅིང་། དེར་བརྟེན་ཁོང་རྣམས་ལ་ངེས་པར་རྗེས་དྲན་ཞུ་དགོས་པ་ཞིག་རེད། དེང་སྐབས་གཞིས་ལུས་བོད་མི་རྣམས་ཀྱི་བོད་རིགས་ཀྱིས་བདེན་པའི་ཆེད་དུ་གཅེས་པའི་སྲོག་དམར་འཚེ་མེད་ཞི་བའི་ཐོག་ནས་སྐུ་ལུས་མཆོད་མེ་བསྒྲོན་དང་སྒྲོན་བཞིན་པ་རེད། དཔའ་བོ་དཔའ་མོ་ཁོང་རྣམས་རྗེས་དྲན་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་དགོས་པ་དང་། རྒྱུ་མཚན་ནི་ཁོང་རྣམས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྲོག་དམར་བློས་བཏང་གིས་རྒྱ་དམར་ལ་དམག་འཐབ་དང་སྐུ་ལུས་མཆོད་མེར་བསྒྲོན་པ་ཞིག་ལས་རང་གི་ཁེ་ཕན་གྱི་ཆེད་དུ་དམག་འཐབ་དང་སྐུ་ལུས་མཆོད་མེར་བསྒྲོན་པ་གཏན་ནས་མིན། གཞིས་ལུས་མི་དམངས་གཞན་གྱིས་བཙན་གནོན་འོག་ཏུ་ཁྲག་དང་མིག་ཆུ་འོག་ཏུ་འཚོ་བ་རོལ་དགོས་ཐུག་གི་ཡོད་ན་ཡང་ད་དུང་འཇིགས་ཞུམ་མེད་པའི་བོད་མི་རིགས་ཀྱི་བདེན་དོན་རྩོད་ཀྱི་ཡོད།  རྒྱུ་མཚན་དེ་དག་ལ་བརྟེན་དཔའ་བོ་དཔའ་མོ་ཁོང་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་འོས་པ་དང་ཞུ་དགོས་པ་ཞིག་ཀྱང་རེད།

༸རྒྱལ་བ་རིན་པོ་ཆེས་གཙོས་བོད་མི་བརྒྱ་ཕྲག་འགའ་ཤས་ལ་ལུང་དུ་མ་བརྒལ་ཏེ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད། དེ་བཞིན་བོད་མི་རྒས་བྱིས་དུ་མ་ཞིག་རང་གི་སྙིང་ནས་བརྩེ་བའི་ཕ་ཡུལ་དང་། ཕ་མ་དང་བུ་ཕྲུག་བཅས་བཞག་སྟེ་བཙན་བྱོལ་ཡོང་དགོས་བྱུང་ཡོད། ༸རྒྱལ་བ་རིན་པོ་ཆེས་གཙོས་སྐུ་འཁོར་ཧྲག་བསྡུས་རྣམས་བཙན་བྱོལ་ལ་ཕེབས་ནས་བོད་མི་རིགས་ཀྱི་བདེན་དོན་རྩོད་པ་དང་། གཞན་ཡུལ་ལ་ས་ཆ་ལག་མཐིལ་ཙམ་མེད་ནའང་”གྲ་སྒྲིག་སྡུག་ས་དང་། རེ་བ་བཟང་སར་”མཛད་པའི་བཀའ་དྲིན་གྱིས་དེང་སྐབས་བོད་རིགས་དང་བོད་མི་རིགས་ཀྱི་སྐད་ཡིག་གསོན་པོར་འཚོ་གནས་ཐུབ་པ་བྱུང་ཡོད། དེ་དག་ནི་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ཁོ་ན་ཡིན་ན་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ལས་མཚན་སྨོད་གཏན་ནས་ཞུ་མི་རུང་། ཁོང་ནི་ང་ཚོ་བོད་མི་རིགས་མཚོན་རྟགས་དང་། མགོན་སྐྱབས་བླ་ན་མེད་པ་དེ་ཡིན། བོད་མི་ཙམ་མ་ཡིན་པར་འཛམ་གླིང་ནང་གི་ཞི་བདེར་དགའ་བའི་གནད་ཡོད་མི་སྣ་དུ་མའི་༸རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་མཛད་རྗེས་ལ་གུས་བཀུར་དང་བསྔགས་བརྗོད་ཀྱི་ཡི་རངས་གནང་དང་གནང་བཞིན་ཡོད། དེ་དག་ང་ཚོའི་སེམས་སུ་ཉར་དགོས་པའི་གནད་དོན་ཞིག་རེད་སྙམ།

གསུམ་པ།
དེང་སྐབས་བོད་ཀྱི་སྐད་ཡིག་ཉམ་ཆག་སོགས་ཀྱི་སྐོར་བཤད་ན། བོད་མི་རིགས་ཀྱི་སྐད་ཡིག་འདི་ཉིད་བདག་འཛིན་དང་བདག་གཅེས་བྱེད་དགོས་པའི་མགོ་འོག་ཚང་མའི་མ་ཎི་བགྲང་ལྟར་ཁ་ནས་གསུང་མཁན་མང་།   ཡིན་ནའང་ལག་བསྟར་གནང་མཁན་དཀོན་ཙམ་མཐོང་། སྐད་ཡིག་ལ་བདག་གཅེས་གནང་དགོས་པའི་དོན་ནི་མཆོད་བཤམས་ནང་བཞག་ནས་ཕྱག་མཆོད་འབུལ་བྱེད་དགོས་པའི་གནད་དོན་ཞིག་གཏན་ནས་མིན་ཞིང་། ང་ཚོའི་ཚང་མའི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པ་དང་། རྩ་ཆེན་པོ་དང་རིན་ཐང་བྲལ་བ་ཡིན་ཚུལ་བརྗོད་པ་ཙམ་ལས་ནམ་བཞག་རྒྱུན་དུ་བཀོལ་སྤྱོད་མ་གནང་ན་རིམ་པའི་ཉམ་ཆག་འགྲོ་བ་དེ་རེད། སྐད་ཡིག་ནི་ཕྱི་ཡི་བཙན་གནོན་གྱི་རྩ་གཏོར་གཏོང་བ་ལས་སོ་སོའི་མི་རིགས་ཀྱི་སྣང་མེད་དུ་བཞག་སྟེ་ཉམ་ཆག་གཏོང་བ་གཉིས་བསྡུར་ན། སོ་སོ་མི་རིགས་ཀྱི་སྣང་མེད་དུ་བཏང་བ་དེ་ཛ་དྲག་དང་ཉེས་ཁ་ཆེ་ཤོས་ཡིན་པ་མངོན།  དེང་སྐབས་ཕྱི་ཡི་དངོས་པོ་ཡར་རྒྱས་ཀྱི་ཚ་རླབས་འཕྱུར་བཞིན་པའི་སྐབས་འདིར་མི་རྣམས་རང་བཞིན་མེད་པའི་དཔལ་འབྱོར་གྱི་དོན་དུ་དབང་དུ་བློ་ཁ་ཤོར་འགྲོ་གི་ཡོད། དེར་བརྟེན་ང་ཚོ་ནི་གཞན་དབང་འོག་ཏུ་འཚོ་བ་རོལ་དགོས་དུས་སོ་སོའི་སྐད་ཡིག་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་རྒྱ་ཆུང་ཞིང་གུ་དོག་པོ་དང་། སོ་སོའི་སྐད་ཡིག་སོ་སོའི་ཁོར་ཡུག་ནང་བཀོལ་སྤྱོད་བྱེད་མཁན་ཧ་ཅང་དཀོན་པ། དེ་བཞིན་བོད་ཀྱི་སྐད་ཡིག་ཉིན་རེ་འཚོ་བ་དང་ཁ་ཐག་རིང་བའི་དབང་གིས་གསར་བུ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་བེད་སྤྱོད་མི་འདུག་སྙམ་པའི་བློ་ངོར་འཆར་ནས་དོ་སྣང་བྱེད་མཁན་དཀོན་པ་དང་། སྐད་ཡིག་དང་ཁ་ཐག་རིང་དུ་རང་བཞིན་མེད་པའི་འགྲོ་ཡི་ཡོད། དེ་བཞིན་ཕ་མ་འགའ་ཤས་ཀྱིས་སོ་སོའི་བུ་ཕྲུག་ལ་སོ་སོའི་སྐད་ལ་དོ་སྣང་བྱེད་དགོས་པའི་བསླབ་བྱ་གནང་གི་མེད་པ་དང་། ད་དུང་སོ་སོའི་བུ་ཕྲུག་ལ་ནང་ཁུལ་ལ་དབྱིན་སྐད་རྒྱབ་ཀྱི་ཡོད།  རྒྱུ་མཚན་དེ་དག་ལ་བརྟེན་བོད་ཀྱི་སྐད་ཡིག་ཉམ་ཆག་འགྲོ་གི་ཡོད་ལ། བོད་སྐད་ནང་ཡོད་བཞིན་པའི་ཐ་སྙད་བཀོལ་སྤྱོད་མི་གནང་བར་གཞན་སྐད་བསྲེས་ལྷད་རྒྱག་གང་ཐུབ་བྱེད་ཀྱི་ཡོད། དེ་དག་ཆུ་མ་འོང་གོང་ནས་རག་མ་བརྒྱབ་ན་ཉེན་ཁ་ཆེ་བ་མངོན། ད་ནི་ང་ཚོའི་གོང་འོག་ཚང་མས་དེ་དག་ལ་ངེས་པར་ཡིད་གཟབ་གནང་དགོས་པའི་དུས་ལ་སླེབས་འདུག་སྙམ།
བཞི་པ། བཟང་ཕྱོགས་སྐོར་བརྗོད་ན།  ང་ཚོ་ཕ་ཡུལ་དང་ཁ་བྲལ་ནས་གཞན་ཡུལ་ལ་གནས་ཆགས་དགོས་བྱུང་ནའང་། ༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་ཆོས་ལུགས་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་བཅས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་དམ་ཚིག་གཅིག་སྒྲིལ་གྱི་ནུས་སྟོབས། ཐུགས་རྗེའི་བཀའ་དྲིན་ལས་བོད་ཀྱི་ཆོས་ལུགས་དར་འཕེལ་གྱིས་དེ་སྔོན་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་འཕེལ་རྒྱས་བྱུང་སྟེ། དེང་སྐབས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ནས་བཤད་པས་བྱམས་བརྩེདང་། འཚེ་མེད་ཞི་བ་སོགས་ལ་འཛམ་གླིང་གི་བློ་གཟུ་བོར་གནས་པ་རྣམས་ཀྱི་ཡིད་སྨོན་གནང་གི་ཡོད། ལྷག་པར་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ལས་དབུས་ལས་ཁུངས་མ་ལག་དང་བཅས་པ་གསར་འཛུགས་མཛད་པ་དང་། སློབ་གྲྭ། གཞིས་ཆགས་ཁག་ཟུར་འཛུགས་གནང་བ་དེ་ལས་བོད་ཀྱི་ཆོས་དང་རིག་གཞུང་མ་བརླག་པ་རྒྱུན་གནས་ཐུབ་པ་བྱུང་ཡོད།  དེང་རབས་དང་མཐུན་པའི་དམངས་གཙོ་ལམ་བཟང་གསར་བཏོད་མཛད་ཡོད། དེ་དག་ལ་བློ་གཟུ་བོར་གནས་པ་རྣམས་ཀྱི་བཙན་བྱོལ་གཞུང་གི་ལས་དོན་གནང་ཕྱོགས་དང་། ཆབ་སྲིད་སྐྱོང་སྟངས་སོགས་ལ་ཡིད་སྨོན་རང་བཞིན་མེད་པ་ཤོར་གྱི་ཡོད་པས།  དེ་དག་ནི་༸རྒྱལ་བའི་སྐུ་དྲིན་ཁོ་ན་ཡིན་པས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།
དེང་སྐབས་འཕྲུལ་ཆས་ཀྱི་དུས་རབས་འཕེལ་རྒྱས་དང་བསྟུན་བོད་ཕྱི་ནང་གི་མི་ཤེས་ལྡན་པ་འགས་མི་རིགས་ལ་བཅངས་པའི་ལྷག་བསམ་དང་བློ་སྟོབས། ངལ་བ་ལྷོད་མེད་ཀྱིས་སྐྲུན་པའི་ལེགས་སྐྱེས་དེང་རབས་ཀྱི་འཕྲུལ་ཆས་གློག་ཀླད་དང་། ཁ་དཔར། ངོ་དེབ་སོགས་ནང་བོད་ཡིག་བཀོལ་བྱེད་ཆོག་པའི་མཐུན་རྐྱེན་བླ་མེད་བསྐྲུན་གནང་མཛད་པའི་དབང་གིས་བོད་ཡིག་བཀོལ་སྤྱོད་ཕན་རླབས་ཆེན་པོ་བྱུང་བཞིན་ཡོད་པས། སྤྱི་ཚོགས་ནང་བོད་ཡིག་བཀོལ་སྤྱོད་གནང་མཁན་ཇེ་མང་འགྱུར་བར་སྣང་།  དེ་དག་ནི་དགའ་འོས་པའི་གནས་སྟངས་ཤིག་རེད་ལ། གསར་བཏོད་བྱེད་པོ་ཡོངས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་འདོད། མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བོད་མི་རིགས་ཀྱི་ཆབ་སྲིད་ཛ་དྲག་དང་གཉན་འཕྲང་སྐབས་སུ་དགུང་ལོ་བཅུ་དྲུག་ནས་བཟུང་སྟེ་ཉིན་མཚན་དུས་དྲུག་ལ་སྐུ་ངལ་ལྷོད་མེད་སྐྱོན་གནང་་མཛད་ནས་བོད་མི་རིགས་འདི་ཉིད་གོ་ལའི་སྟེང་ནས་མ་ཡལ་བར་གསོན་པོ་གནས་ཐུབ་པ་དེ་ནི་མགོན་པོ་མཆོག་གི་བཀའ་དྲིན་ཁོ་ན་ཡིན་པས། ད་ལོ་༸མགོན་པོ་མཆོག་དགུང་གྲངས་བརྒྱ་བཅུར་ཕེབས་པར་བཀའ་དྲིན་རྗེས་དྲན་དང་། སྐུ་ཚེ་ཡུན་རིང་བརྟན་པའི་བཀའ་དྲིན་དྲན་སྙིང་དབུས་ནས་ཞུའོ།
ཞེས་པ་འདི་ཆབ་མདོ་ངག་དབང་ཕུན་ཚོགས་ཀྱིས་2016/1/16  ལ་ཕུལ།

Share this:
༨༦ ཀློག་གྲངས།