༸གོང་ས་མཆོག་གིས་ཐའེ་ཝན་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ།

19166
༧གོང་ས་མཆོག་དང་ལྕམ་ཚའེ་ཡེ་ཝེན་སྔོན་མ་མཇལ་འཕྲད་སྐབས།

ཟླ་འདིའི་ཚེས་ ༡༧ ཉིན་ལྕམ་ཚའེ་ཡེ་ཝེན་་ལ་ཐེངས་འདིར་ཐེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་ནས། ཡུལ་དེའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་༸གོང་ས་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་བསྩལ་ཡོད་པ་རེད།
གསུང་འཕྲིན་ནང་། “ཐའེ་ཝན་ནང་མང་གཙོའི་རིང་ལུགས་ཀྱི་གཞི་རྟེན་ཧ་ཅང་བརྟན་པོར་ཚུགས་ཡོད་པ་མཐོང་སྐབས་སེམས་ནང་བློ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར། འཛམ་གླིང་ཁྱོན་དུ་རང་དབང་དང་འགན་ཁུར་ལྡན་པའི་འགོ་ཁྲིད་ལ་མོས་པ་ཡོད་མཁན་རྣམས་ཐའེ་ཝན་ཡུལ་འདི་མིག་དཔེ་བཟང་པོ་ཞིག་དང་སྙིང་སྟོབས་སྤེལ་མཁན་ཞིག་ཏུ་གྱུར་ཐུབ་པ་བྱུང་ཡོད། ངོས་རང་མང་གཙོ་གོང་སྤེལ་གཏོང་རྒྱུར་འབད་བརྩོན་ཧུར་ཐག་བྱེད་མཁན་ཞིག་ཡིན་སྟབས། ཐའེ་ཝན་མང་ཚོགས་རྣམས་ལ་གྲུབ་འབྲས་འདི་འདྲ་ཞིག་ཐོབ་པར་གུས་འདུད་ཞུ་རྒྱུ་ཡིན་”ཞེས་འཁོད་ཡོད་པ་རེད།

གཞན་ཡང་གསུང་འཕྲིན་ནང་༧གོང་ས་མཆོག་ཕྱི་ལོ་ ༢༠༠༩ ལོར་ཐའེ་ཝན་དུ་ཆིབས་སྒྱུར་བསྐྱངས་སྐབས་ལྕམ་ཚའེ་ཡེ་ཝེན་དང་མཇལ་འཕྲད་མཛད་པ་དང་། ཡུལ་དེའི་ནང་དཔལ་འབྱོར་དང་ཤེས་ཡོན་ཐོག་ཡར་རྒྱས་ཤུགས་ཆེ་བྱུང་བའི་གཟིགས་ཚུལ་བྱུང་བ་རྣམས་ཐུགས་དྲན་གསོ་མཛད་པ་མ་ཟད། ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་དབར་བཟང་ཕྱོགས་ཀྱི་འབྲེལ་ལམ་འཛུགས་རྒྱུའི་གཞི་རྩ་ལྟེ་བ་ནི་ཚོང་འབྲེལ་ཡིན་སྟབས། ཚོང་འབྲེལ་ད་དུང་ཡར་རྒྱས་ཕྱིན་པའི་ཐོག་ནས་ཕྱོགས་གཉིས་པོའི་མི་མང་ཕན་ཚུན་དབར་གྱི་འབྲེལ་ལམ་ཉེ་རུ་གཏོང་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་དང་། མཐའ་དོན་༸གོང་ས་མཆོག་གིས་ལྕམ་ཚའེ་ཡེ་ཝེན་གྱི་སྲིད་འཛིན་ལས་ཡུན་རིང་གཞུང་འབྲེལ་ལས་དོན་སྒྲུབ་སྐབས་དཀའ་ངལ་རྣམས་ལ་གདོང་ལེན་དཔྱིས་ཕྱིན་གནང་ཐུབ་པ་དང་བྱ་བ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་ཡོད་པ་རེད།

ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་ཚའེ་ཡེ་ཝེན་ལ་ཐེངས་འདིའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པ་ནི་ཐའེ་ཝན་གྱི་ལོ་རྒྱུས་ནང་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༣༢༤ ཀློག་གྲངས།