མིག་དཔེར་འོས་པའི་ཐའེ་ཝན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༧༨ ཕྱི་ལོ་ ༢༠༡༦/༡/༢༠
ཉེ་ཆར་ཐའེ་ཝན་གྱི་སྲིད་འཛིན་འོས་འདེམས་ཁྲོད་ཐའེ་ཝན་རང་དབང་རང་བཙན་གྱི་ངོ་བོར་ཡུན་དུ་གནས་དགོས་པ་ལས། རྒྱ་ནག་དང་ཟླ་སྒྲིལ་བྱ་རྒྱུར་དགག་བྱ་བྱེད་མཁན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚཱེ་ཡུན་ཝེན་ལ་འོས་འཕེན་པ་སྤྱིའི་བརྒྱ་ཆ་༥༦ ལྷག་གིས་རྒྱབ་སྐྱོར་བྱས་ནས། ཐའེ་ཝན་གྱི་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང། ཟླ་ཤས་སྔོན་རྒྱ་ནག་གི་སྲིད་འཛིན་དང། ཐའེ་ཝན་གྱི་སྲིད་འཛིན་གཉིས་ཐུག་འཕྲད་བྱས་པ་དེས་ཐའེ་ཝན་གོ་མིན་ཏང་ཚོགས་པ་ལ་མི་མང་གིས་ཚད་མཐོའི་རྒྱབ་སྐྱོར་འཐོབ་རྒྱུར་ཤུགས་རྐྱེན་ཐེབས་ཡོད་ཚུལ་སྲིད་དོན་མཁས་པ་དང་སྲིད་དོན་ཉམས་ཞིབ་པ་ཡིན་ཟེར་མཁན་ཚོས་དཔྱད་བརྗོད་སྤེལ་ཡོད། ད་ལན་ཐའེ་ཝན་མི་མང་གིས་དངོས་སུ་འོས་བླུགས་ནས་རྣམ་འགྱུར་བསྟན་པ་དེ་ནི་དོན་དངོས་ཡིན་པས། མཚོ་འགག་གཉིས་ཀྱི་གནད་དོན་ལ་ཕྱོགས་གཉིས་དང་ལྷག་པར་དུ་རྒྱ་དམར་དྲག་གཞུང་གིས་བསྐྱར་དུ་བསམ་བློ་གསར་པ་ཞིག་མི་གཏོང་ཀ་མེད་དུ་གྱུར་ཡོད།

སྤྱིར་ཐའེ་ཝན་མི་མང་གི་བསམ་བློའི་ནང་རང་དབང་རང་བཙན་དུ་གནས་དགོས་པའི་ལྟ་ཚུལ་ཡོད་པ་སྨྲོས་མ་དགོས་པ་དང། ལྷག་པར་དུ་ལོ་ཤས་ནས་ཧོང་ཀོང་ནང་རང་དབང་མང་གཙོའི་ཐོབ་ཐང་ཆ་ཚང་རག་པའི་ཆེད་དུ་ཉི་གདུགས་ཀྱི་ལས་འགུལ་མུ་མཐུད་སྤེལ་བ་དང། དེ་ལ་རྒྱ་དམར་དྲག་གཞུང་གིས་བདག་སྤྲོད་གཏན་ནས་མ་བྱས་པར་བརྟེན། ཐའེ་ཝན་མི་མང་གི་བསམ་བློའི་ནང་མ་འོངས་པའི་རང་དབང་སྐོར་ལ་བསམ་ཞིབ་མི་བྱེད་ཀ་མེད་ཀྱི་གནས་སྟངས་ཤིག་བྱུང་ཡོད། རྒྱ་གཞུང་གི་སྲིད་འཛིན་ཞི་ཅིན་ཕེན་ཆགས་པ་ནས་བཟུང་དོན་དུ་དབང་ཆའི་འཐབ་རྩོད་སོགས་རྒྱབ་ལྗོངས་ལ་མ་ལྟོས་པར། ཕྱིའི་རྣམ་པའི་ཐོག་ནས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་རྡུང་རྡེག་ཆེན་པོ་བཏང་ནས་སྟག་རྒན་དང་སྟག་ཕྲུག་མང་པོ་རྩ་མེད་བཏང་ཡོད་ཀྱང། ཆབ་སྲིད་ཐོག་ནས་འགྱུར་བ་གང་ཡང་མ་བཏང་བར་བརྟེན་ད་ལན་ཐའེ་ཝན་མི་མང་གི་བསམ་བློར་ཤུགས་རྐྱེན་ཐེབས་ཡོད་ངེས་རེད།

ཞི་ཅིན་ཕེན་གྱིས་རྒྱ་ནག་གི་སྲིད་འཛིན་བྱས་པའི་དུས་ཡུན་འདིའི་རིང་ཤར་ཏུར་ཀི་སི་ཐན་གྱི་གནད་དོན་དང། བོད་དོན་གྱི་གནས་སྟངས་སོགས་ལ་འགྱུར་བ་བཏང་མེད་པ་མ་ཟད། མུ་མཐུད་རྡུང་རྡེག་དང་དམ་དྲག་ཤུགས་ཆེ་རུ་བཏང་ཡོད། ད་དུང་གོང་དུ་བརྗོད་པ་བཞིན་ཧོང་ཀོང་གི་དོན་རྐྱེན་ཡང་སྐབས་འདིར་བྱུང་ཡོད་པས། ཞི་ཅིན་ཕེན་ལ་ད་ལྟའི་ཆར་རྒྱ་ནག་གི་དཔོན་རིགས་ནང་ཤུགས་རྐྱེན་ཧ་ཅང་ཆེ་ཡང། ཆབ་སྲིད་ཀྱི་ཐོག་ནས་མི་མང་ལ་རང་དབང་སྤྲོད་རྒྱུའི་འཆར་གཞི་དང་རེ་བ་གང་ཡང་མེད་པ་ལོ་ཁ་ཤས་ཀྱི་བྱེད་སྟངས་ལ་བལྟས་ན་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དེར་བརྟེན་ད་ལན་ཐའེ་ཝན་མི་མང་གིས་ལངས་ཕྱོགས་འཛིན་སྟངས་དང་ཐག་གཅོད་བྱེད་སྟངས་གང་ཐད་ནས་བལྟས་ཀྱང་དུས་ཐོག་ཆར་པ་ལྟ་བུར་གྱུར་ཡོད་པ་མ་ཟད། གོ་མིན་ཏང་ཚོགས་པའི་ཆབ་སྲིད་ལངས་ཕྱོགས་དེ་ཐའེ་ཝན་མི་མང་གི་བསམ་བློ་དང་མི་མཐུན་པ་འདི་ཡང་ར་སྤྲོད་གསལ་པོ་བྱུང་བ་རེད།

ད་ལྟའི་ཆར་རྒྱ་ནག་ནི་མི་འབོར་མང་བ་དང། ཁྲོམ་ར་རྒྱ་ཆེ་བས་དཔལ་འབྱོར་ཐོག་ནས་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་རྒྱུ་མཚན་གྱིས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོས་རྒྱ་གཞུང་ལ་བསྟུན་མཁས་བྱེད་བཞིན་ཡོད་ལ། རྒྱ་གཞུང་གི་ངོས་ནས་ཀྱང་དུས་རབས་ཉེར་གཅིག་འདི་ཉིད་སྤྱིར་ཤར་ཕྱོགས་དང་དེའི་ནང་ནས་རྒྱ་ནག་ལ་དབང་བ་ཞིག་ཡིན་ཚུལ་གྱི་འུད་ཤོབ་མང་པོ་བཤད་ཡོད། ལོ་སྔོན་མ་ཙམ་ནས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་བར་འགལ་རྐྱེན་མང་པོ་འཕྲད་ཡོད་པ་དང། ལོ་འདིའི་ལོ་འགོ་ནས་བཟུང་ནས་རིམ་བཞིན་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། གལ་སྲིད་དཔལ་འབྱོར་ཐོག་ནས་མུ་མཐུད་ཡར་རྒྱས་འགྲོ་བའི་དབང་དུ་བཏང་ཡང། དཔལ་འབྱོར་ཁོ་ནས་འཇིག་རྟེན་སྤྱི་དང་ལྷག་པར་དུ་མིའི་སེམས་ནང་དུ་བདེ་སྐྱིད་དང་ཞི་བདེ་བསྐྲུན་མི་ཐུབ་པས། རྒྱ་ནག་གི་དཔལ་འབྱོར་ཁོ་ནར་རེ་ལྟོས་བྱེད་མཁན་དག་ཀྱང་མིག་རྒྱང་རིང་པོ་དེ་ཙམ་མིན་པ་ཤེས་ཐུབ།

མདོར་ན་ད་ལན་ཐའེ་ཝན་གྱི་འོས་བསྡུ་ཆེན་མོ་ལ་བརྟེན་ནས་བོད་དང། ཤར་ཏུར་ཀི་སི་ཐན། སོག་པོ། ཧོང་ཀོང་སོགས་ལ་བརྡ་གསལ་པོ་ཞིག་བསྟན་ཡོད་ཅིང། མ་འོངས་པར་མཉམ་རུབ་བྱེད་ཐུབ་ན། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དང། མི་འབོར་མང་ཡང་ཁ་གཏད་གཅོག་ཐུབ་པའི་གོ་སྐབས་འབྱུང་ངེས་རེད། ཧོང་ཀོང་གི་ཉི་གདུགས་ལས་འགུལ་ལྟ་བུ་མང་གཙོ་ཁོ་ན་དང་འབྲེལ་བའི་ལས་འགུལ་རིགས་གལ་ཆེ་བ་དང། གཙོ་ཆེ་ཤོས་མི་མང་གི་བསམ་བློའི་ནང་དུ་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་དེ་གསོན་དགོས་པ་ལས་འཆི་མི་རུང་བའི་ལྟ་ཚུལ་ཞིག་སླེབས་ཐུབ་དགོས་པ་ནི་གལ་ཆེ་ཤོས་ཡིན། མི་མང་གི་བསམ་བློའི་ནང་རང་དབང་རང་བཙན་རྒྱུན་གནས་དང་སླར་གསོ་དགོས་པའི་བསམ་ཚུལ་དེ་བརླགས་ཟིན་རྗེས་འཐོབ་དཀའ་བའི་གོ་སྐབས་མང་པོ་ཐོབ་ཀྱང་དམ་འཛིན་བྱེད་མི་ཐུབ་པས། ལས་འགུལ་བརྒྱ་སྟོང་གི་གཙོ་བོ་མི་མང་གི་སེམས་ཤུགས་མི་ཉམས་པ་ཞིག་བཟོ་དགོས་པ་དེ་གལ་ཆེ་བས་ཐའེ་ཝན་མི་མང་ལ་མིག་དཔེ་བལྟ་དགོས།།

Share this:
༣༠༣ ཀློག་གྲངས།