ཞི་ཅིན་ཕིང་གིས་བརྗོད་པའི་“ལྕགས་ཞྭ་ཅན་གྱི་རྒྱལ་པོ་”དང་ཅང་ཙེ་མེན།

རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཅང་ཙེ་མེན་དང་ཙང་ཆི་ཧོང་།
རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཅང་ཙེ་མེན་དང་ཙང་ཆི་ཧོང་།

ཉེ་ཆར་རྒྱ་ནག་དབུས་སྒྲིག་བཤེར་ལྷན་ཁང་གི་དྲ་རྒྱའི་ཐོག་བསྟུད་མར་ཞི་ཅིན་ཕིང་གིས་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཉེན་བརྡ་བཏང་པའི་གཏམ་བཤད་ཀྱི་ནང་དོན་རིམ་པ་སྤེལ་པ་དང་། ཞི་ཅིན་ཕིང་གི་གཏམ་བཤད་ནང་“ལྕགས་ཞཱ་ཅན་གྱི་རྒྱལ་པོ་”དང་“རང་བཙན་གྱི་རྒྱལ་སྲིད།” “གོང་མའི་ཡབ་”(མི་མངོན་པར་དབང་ཆ་འཛིན་མཁན་) སོགས་ཀྱི་ཚིག་ཐེངས་མང་གསལ་འདོན་བྱས་ཡོད། ཆབ་སྲིད་དཔྱད་བརྗོད་པ་དག་གིས་དེ་ནི་ཅང་ཙེ་མེན་དང་ཙང་ཆི་ཧོང་(རྒྱ་ནག་གི་སྲིད་འཛིན་གཞོན་པ་ཟུར་པ་) ལ་ཆེད་དུ་དམིགས་ཏེ་བཤད་པ་ཡིན་པའི་ངོས་འཛིན་བྱེད་བཞིན་པ་དང་། ཕྱིའི་བརྒྱུད་ལམ་ཁག་ཅིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་འདས་པོ་ལཱོ་རུན་ཆིན་གྱི་བུ་ལཱོ་ཡུ་ལ་བཅར་འདྲིའི་སྐབས། ལཱོ་ཡུ་ཡིས་ཞི་ཅིན་ཕིང་གིས་དུས་ཚོད་ཧ་ཅང་རིང་པོའི་ནང་བསམ་བློ་བཏང་ཟིན་པ་མ་ཟད། ཅང་ཙེ་མེན་དང་ཙང་ཆི་ཧོང་གཉིས་ཇི་ལྟར་ཐག་གཅོད་བྱ་མིན་ཐད་ཀྱི་འཆར་གཞིའང་ཡོད་སྐོར་བརྗོད་པ་དང་དུས་མཚུངས། ཁོང་གིས་དུས་ཚོད་དེ་མི་རིང་བར་སླེབས་རྒྱུ་ཡིན་པའི་ངོས་འཛིན་བྱས།

འདི་ལོའི་འགོ་སྟོད་དུ་ཞི་ཅིན་ཕིང་གི་དཔེ་དེབ་གསར་པ་དངོས་སུ་པར་སྐྲུན་བྱས་པ་དང་། དེབ་དེའི་ནང་གི་ནང་དོན་ཁག་ཅིག་ཐེངས་དང་པོར་ཡོངས་གྲགས་ཐོག་ཁྱབ་བསྒྲགས་བྱས་པ་ཞིག་ཆགས་ཡོད། དེབ་ནང་ལོ་སྔོན་མའི་ཟླ་༢ ཚེས་༢ ཉིན་ཞི་ཅིན་ཕིང་གིས་བགྲོ་གླེང་ཚོགས་ཆུང་ཞིག་གི་ཐོག་བརྗོད་དོན། སྲིད་ཁྲིམས་ཀྱི་འོག་ཏུ་མི་སུ་འདྲ་ཞིག་ཡིན་ནའང་ལམ་འགྲོ་དང་རླུང་རྟ་རྒྱུག་ཡོང་སྙམ་མི་རུང་ཞིང་སུ་འདྲ་ཞིག་ཡིན་ནའང་ཁྲིམས་ལས་འདས་པའི་དྲིན་སྐྱོང་མེད། གུ་ཡངས་ཀྱི་“བཀའ་ཡིག་ལྕགས་ཤོག་མ་”མེད་ལ་“ལྕགས་ཞཱ་ཅན་གྱི་རྒྱལ་པོ་”ཡང་མེད།

ཟླ་༡ ཚེས་༩ ཉིན། རྒྱ་ནག་དམར་ཤོག་སྒྲིག་བཤེར་ལྷན་ཁང་གི་དྲ་རྒྱའི་འགོ་བརྗོད་གསར་འགྱུར་ཐོག་ཁ་བྱང་ལ་“ཞི་ཅིན་ཕིང་། མི་འགའ་རང་སྣང་གང་དྲན་དང་དཔའ་ཧམ་ནམ་མཁར་མི་ཤོང་བའི་ཀྱི་ཚད་ལ་སླེབས་ཡོད་”ཅེས་པའི་རྩོམ་ཡིག་སྤེལ། ཚེས་༡༠ ཉིན་སྒྲིག་བཤེར་ལྷན་ཁང་གི་དྲ་རྒྱའི་ཐོག་འགོ་བརྗོད་ལ་“ཆབ་སྲིད་ཐོག་དོན་དག་ཁ་ཤས་རྩ་བ་ནས་སྒྲུབ་མི་རུང་བ་དང་བསྒྲུབས་ཚར་ན་རིན་དོད་འཇལ་དགོས།” ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ་བ་དང་། ཚེས་༡༡ ཉིན་སྒྲིག་བཤེར་ལྷན་ཁང་གི་དྲ་རྒྱའི་ཐོག་དེ་ལས་ཀྱང་<<འགོ་ཁྲིད་ལས་བྱེད་ཁ་ཤས་ཀྱིས་རང་ཉིད་སྒྲིག་འཛུགས་ཀྱི་གོང་དུ་འཇོག་སྟེ་གནམ་འོག་ན་མགྲན་ཟླ་མེད།>>ཅེས་སོགས་རྣོ་ངར་ཅན་གྱི་ཉེན་བརྡའི་རྩོམ་ཡིག་ཐེངས་མང་སྤེལ་ཡོད་ལ། འགོ་བརྗོད་དེ་དག་ཆ་ཚང་ཞི་ཅིན་ཕིང་གི་དཔེ་དེབ་གསར་པའི་ནང་བསྟན་ཟིན་པའི་ནང་དོན་ཡིན་པ་རེད།

རྒྱ་ནག་གི་ཆབ་སྲིད་དཔྱད་བརྗོད་དག་གིས་ཡོངས་གྲགས་སུ་ཞི་ཅིན་ཕིང་གིས་གཏམ་བཤད་ནང་བསྟན་པའི་“ལྕགས་ཞྭ་ཅན་གྱི་རྒྱལ་པོ་”དང་“རང་བཙན་རྒྱལ་སྲིད།” “གོང་མའི་ཡབ།” “གནམ་འོག་ན་མགྲན་ཟླ་མེད་”སོགས་ནི་མངོན་གསལ་དོད་པོས་ཅང་ཙེ་མེན་དང་ཙང་ཆི་ཧོང་ལ་བརྗོད་པ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།

ཉིན་ཤས་སྔོན་ལཱོ་ཡུ་ལགས་ཀྱིས་ཕྱི་ལོགས་སུ་ཡོད་པའི་རྒྱ་ཡིག་གི་བརྒྱུད་ལམ་ཁག་ཅིག་གི་བཅར་འདྲི་དང་ལེན་སྐབས་བརྗོད་དོན། “གོང་མའི་ཡབ་”ཅང་ཙེ་མེན་ལས་སུ་ཡོད་དམ། ད་དུང་“ལྕགས་ཞྭ་ཅན་གྱི་རྒྱལ་པོ་”ཞེས་པའང་ཙང་ཆི་ཧོང་ལ་ལ་བརྗོད་པ་རེད། ཁོང་གཉིས་ལས་ལྷག་པའི་གོ་ས་སུ་ཡང་མེད། ཞི་ཅིན་ཕིང་གི་དཔེ་དེབ་དེའི་ནང་ཅང་ཙེ་མེན་དང་ཙང་ཆི་ཧོང་གི་མིང་དངོས་སུ་བཏོན་པ་དང་མཚུངས། ངས་ཚོད་དཔག་ལྟར་ན་ཞི་ཅིན་ཕིང་གིས་དུས་ཡུན་ཤིན་ཏུ་རིང་པོའི་ནང་བསམ་བློ་བཏང་ཡོད་པ་མ་ཟད། ཁོང་ལ་མ་འོངས་པར་གནད་དོན་དེ་ཇི་ལྟར་ཐག་གཅོད་བྱ་རྒྱུའི་གྲ་སྒྲིག་དང་འཆཪ་གཞི་ཆ་ཚང་ཡོད་སྲིད། དེར་བརྟེན་ངས་བསམས་ན་དུས་ཚོད་རིང་པོ་སྒུག་དགོས་སྲིད་རྒྱུ་མ་རེད། ཕལ་ཆེར་ཕྱི་ཟླ་གཉིས་པ་དང་གསུམ་པའི་ནང་ཁོང་གིས་ཡང་སྙིང་ཐག་གཅོད་ཇི་ལྟར་བྱ་མིན་དེ་མཐོང་ཐུབ་རྒྱུ་རེད།

ལཱོ་ཡུ་ཡིས་བརྗོད་རྒྱུར། “ཞི་ཅིན་ཕིང་གིས་ཐོག་མར་ཅང་ཙེ་མེན་དང་ཙང་ཆི་ཧོང་སོགས་སྟངས་འཛིན་དང་བཀག་སྡོམ་བྱས་པ་ཙམ་གྱིས་འགྲིག་སྙམ་ཡོད་ཀྱང་། རྗེས་སུ་བསྟུད་མར་དོན་རྐྱེན་རིམ་པ་ཐེངས་མང་བྱུང་སྟེ་ཞི་ཅིན་ཕིང་གི་བསམ་ཚུལ་འགྱུར་ཡོད། དཔེར་ན་མ་རྐང་ཁྲོམ་རའི་གོད་ཆག་ནས་འགོ་བཙུགས་ཏེ། ཞི་ཅིན་ཕིང་གིས་ཁྱབ་ཁོངས་མང་པོ་ཞིག་གི་ནང་དུ་ཁེ་ཕན་ཤོག་ཁག་གི་སྐུ་ཚབ་ཅང་ཙེ་མེན་དང་ཙང་ཆི་ཧོང་གི་ཤུལ་ལུས་ནུས་ཤུགས་ཀྱིས་ཆེད་དུ་དཀའ་ཁག་བཟོ་བཞིན་པ་ཤེས་རྟོགས་བྱུང་ཡོད། དོན་རྐྱེན་དེ་དག་ལ་བརྟེན་ནས་ཞི་ཅིན་ཕིང་གིས་མི་དེ་དག་རྩ་མེད་མི་གཏོང་ཐུ་མེད་ཆགས་ཏེ་ད་ལོའི་ལོ་འགོ་ནས་བཟུང་ཞི་ཡིས་ཁྲིམས་ཐོག་ནས་སྟོབས་ཤུགས་ཇེ་ཆེར་བཟོས། དེའང་མི་འགའ་“གོང་མའི་ཡབ་”ཆགས་འདོད་པ་དང་། ཁ་ཤས་ཀྱིས་རང་ཉིད་ནི་“ལྕགས་ཞྭ་ཅན་གྱི་རྒྱལ་པོ་”བཟོ་བ་སོགས་ཀྱི་གླེང་བརྗོད་དང་རྟགས་མཚན་མང་པོའི་ལམ་ནས། ད་ལོར་ཅང་ཙེ་མེན་དང་ཙང་ཆི་ཧོང་འཇུ་བཟུང་བྱ་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད།”

ཅང་ཙེ་མེན་དང་ཙང་ཆི་ཧོང་གཉིས་རྣམ་པ་ཅི་ལྟ་བུ་ཞིག་གི་སྒོ་ནས་མེད་པར་བཟོ་སྲིད་པའི་སྐོར་ལ་སྐུ་ཞབས་ལཱོ་ཡུ་ཡིས་ངོས་འཛིན་བྱས་དོན། “ད་ལྟ་ནི་ཅང་དང་ཙང་གཉིས་ཀྱིས་ཚུར་བརྙས་བརྐོ་བ་ཞིག་ཡིན་པས་སྔོན་མར་ལྟར་ད་ལྟ་ནང་བཞིན་བཟང་བཙོན་ཙམ་གྱིས་ལས་སླ་མོའི་ངང་འཇོག་རྒྱུ་མ་རེད། ཞི་ཅིན་ཕིང་གིས་རྣམ་པ་ཅི་ལྟ་བུ་ཞིག་གི་སྒོ་ནས་ཅང་དང་ཙང་གཉིས་ཚར་གཅོད་རྒྱུའི་ཐད་ངའི་བསམ་ཚུལ་ལྟར་ན། ལོ་སྔོན་མའི་རྣམ་པ་ལས་ཀྱང་ཆེས་ཚབས་ཆེ་བ་ཡོད་རྒྱུ་རེད། དཔེར་ན་ཞིབ་བཤེར་བྱེད་པའམ་ཡང་ན་ཀྲུའུ་ཡོང་ཁང་ལ་ལག་བསྟར་བྱས་པའི་རྣམ་པ་སྤྱོད་སྲིད་པ་དང་། དེ་ནི་ཆེས་ཡག་ཤོས་རེད།

“ལྕགས་ཞྭ་ཅན་གྱི་རྒྱལ་པོ་”ཞེས་པའི་ཚིག་དེ་ཐོག་མར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་<<མི་དམངས་ཉིན་རེའི་ཚགས་པར་>> སྟེང་ལོ་སྔོན་མའི་ཟླ་༡ ཚེས་༡༥ ཉིན་འགོ་བརྗོད་དཔྱད་གླེང་པའི་རྩོམ་ཡིག་ནང་། རུལ་སུངས་ལ་“ལྕགས་ཞྭ་ཅན་གྱི་རྒྱལ་པོ་”མེད་པ་དང་། རུལ་རྒོལ་ལ་ཚད་བཀག་གི་གནང་སྦྱིན་རྩ་བ་ནས་མེད་སྐོར་བརྗོད་ཡོད།

ཕྱི་ལོགས་སུ་ཡོད་པའི་རྒྱ་ནག་གི་དཔལ་འབྱོར་སྤྱི་ཚོགས་ཆེད་མཁས་པ་ཧི་ཆིན་ལཱེན་གྱིས་<<མི་དམངས་ཉིན་རེའི་ཚགས་པར་ཐོག་བཀོད་པའི་ལྕགས་ཞྭ་ཅན་གྱི་རྒྱལ་པོ་སུ་རེད།>> ཅེས་པའི་རྩོམ་ཡིག་ཅིག་བྲིས་ཡོད་པའི་ནང་། མི་དམངས་ཉིན་རེའི་ཚགས་པར་གྱིས་བསྟན་པའི་“ལྕགས་ཞྭ་ཅན་གྱི་རྒྱལ་པོ་”ནི་ཅང་ཙེ་མེན་དང་ཙང་ཆི་ཧོང་གཉིས་ཁོ་ན་དང་བསྡུར་ཐུབ་པ་ཞིག་རེད་ཅེས་བརྗོད།

དེའི་སྔོན་ལཱོ་ཡུ་ཡིས་ཕྱིའི་རྒྱ་སྐད་བརྒྱུད་ལམ་ཁག་ཅིག་གིས་བཅར་འདྲི་དང་ལེན་སྐབས་ཞི་ཅིན་ཕིང་གིས་ཅང་ཙེ་མེན་བཟང་བཙོན་འོག་ཏུ་བཅུག་ཟིན་སྐོར་བརྗོད་པ་དང་། དེང་སྐབས་ཅང་ཙེ་མེན་གྱི་འགུལ་སྤྱོད་དང་འབྲེལ་བའི་གནས་ཚུལ་སྣ་གཅིག་ཀྱང་ཕྱིར་ཐོན་རྒྱུ་མེད་ནས་དུས་ཡུན་གང་འཚམ་ཕྱིན་ཡོད་ལ། དྲ་ཐོག་ཏུའང་ཅང་ཙེ་མེན་སྐོར་གྱི་གནས་ཚུལ་དང་གསར་འགྱུར་མཐོང་རྒྱུ་མེད། དྲ་ལམ་དུ་མི་ཚང་མས་ཅང་ཙེ་མེན་ད་ལྟ་བཙོན་བཟང་འོག་བཅུག་ཟིན་པའམ་ཡང་ན་འགྲོ་འདུག་ལ་བཀག་སྡོམ་བྱས་ཚར་སྐོར་བརྗོད་བཞིན་འདུག

ཧོང་ཀོང་དུ་ཡོད་པའི་<<རྒྱང་སོ་ཁང་>>ཞེས་པའི་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པས་མིག་སྔར་ཅང་ཙེ་མེན་བཟང་བཙོན་དང་མཚུངས་པའི་གནས་སྟངས་འོག་ཡོད་པ་དང་། ཞི་ཅིན་ཕིང་གིས་ཅང་ཙེ་མེན་གྱི་མུ་མཐུད་དུ་ཆབ་སྲིད་ལ་ཐེ་བྱུས་མེད་པར་བཟོ་བའི་ཆེད་འཆར་གཞི་དང་བཀོད་སྒྲིག་ཧ་ཅང་མང་པོ་བྱས་ཡོད་ལ། དེའི་ཁྲོད་ཟླ་རེར་ཅང་ཙེ་མེན་གྱི་སྐུ་སྲུང་བརྗེ་བ་སོགས་ཚུད་ཡོད་ཅེས་བརྗོད།

༢༠༡༥ ལོར་རྒྱ་ནག་གི་གྲོང་ཁྱེར་ཐའེ་ཅིན་དུ་འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་བའི་རྗེས་ཕྱིའི་བརྒྱུད་ལམ་ཁག་མང་པོའི་ནང་། ཅང་ཙེ་མེན་དང་ཙང་ཆི་ཧོང་གཉིས་ཞི་ཅིན་ཕིང་ཕྱོགས་ནས་གནས་སྐབས་བཀག་སྐྱིལ་བྱས་ཟིན་པའི་གནས་ཚུལ་ཐོན་ཡོད།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share this:
༢༠༦ ཀློག་གྲངས།