༸གོང་ས་མཆོག་གིས་ཁོང་གི་སྐུ་གཟུགས་བདེ་ཐང་ཡིན་པ་དང་ལོ་སར་ལ་འཚམས་འདྲི་གནང་འདུག

ཟླ་འདིའི་ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་མི་ནེ་སོ་ཊ་ནས་བརྙན་འཕྲིན་བརྒྱུད་གཞིས་བྱེས་བོད་མི་ཡོངས་ལ་གནམ་ལོ་གསར་ཚེས་ལ་འཚམས་འདྲི་དང་སྦྲགས། མགོན་པོ་གང་ཉིད་མཆོག་སྐུ་ཁམས་གསལ་ཐང་ཐོག་ཐུགས་ལྷོད་ལྷོད་ངང་བཞུགས་ཡོད་པའི་བཀའ་སློབ་གནང་ཡོད་པ་རེད།

OHHདེ་རིང་འདིར་ང་རང་ལྒང་པའི་ནད་གཞི་སྔོན་འགོག་གི་སྨན་བཅོས་བྱས་ནས་བསྡད་ཡོད། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་གཙོ་ཆེན་གཞིས་ལུས་རྒྱ་ཆེའི་མི་མང་སེར་སྐྱ་རྒན་བྱིས་ཚང་མ་དང་། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་སེར་སྐྱ་མི་མང་རྒན་གཞོན་ཚང་མར་གནམ་ལོ་གསར་ཚེས་འཆར་ལ་ཉེ་བར་བརྟེན། ཚང་མར་དགུང་གསར་གྱི་བཀྲ་ཤིས་བདེ་ལེགས་ཞེས་ཞུ་འདོད་བྱུང་།

དེ་རིང་འདིར་ཞུ་རྒྱུའི་དོན་ཚན་གཅིག་ནི། བར་སྐབས་ངོས་རང་འདིར་སྨན་བཅོས་བྱེད་པར་ཡོང་བར་བརྟེན། བོད་ཕྱི་ནང་དུ་གནས་པའི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་རྒྱ་ཆེའི་མི་མང་མང་པོ་ཞིག་གིས་ཞབས་རིམ་གནང་རྒྱུ་དང་། སེམས་ཁུར་ལྗིད་པོ་ཞིག་བླངས་པ་བྱུང་འདུག་པས། ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ངོས་ནས་བརྙན་འཕྲིན་གྱི་བརྒྱུད་ལམ་འདིའི་ཐོག་ནས་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ངོས་རང་འདིར་བདེ་ཐང་ཐོག་བསྡད་ཡོད། སྨན་བཅོས་བྱ་རྒྱུའི་ཐོག་དུས་ཡུན་ཏོག་ཙམ་འགོར་བ་མ་གཏོགས། གཞན་ཉིན་རེར་སྐར་མ་ཁ་ཤས་མ་གཏོགས་རྙོག་དྲ་ཚ་པོ་སོགས་གང་ཡང་མི་འདུག་པས་ལྷོད་ལྷོད་ཐོག་ཧ་ལམ་ངལ་གསོ་བརྒྱབ་པ་ལྟ་བུ་ཞིག་རེད། སྔ་དགོང་ངོས་ཀྱི་ཁ་འདོན་བྱ་རྒྱུའི་རིགས་དང་། བར་གསེང་ཡོད་པ་རྣམས་ལ་དཔེ་ཆ་ཕྲན་བུ་ཀློག་ནས་སྡོད་བཞིན་ཡོད་པས། ཁྱེད་རང་ཚོ་ཚང་མ་ཐུགས་ཁྲལ་གཏན་ནས་མ་གནང་རོགས་ཞེས་ཞུ་རྒྱུ་ཡིན།

བརྙན་འཕྲིན་གཟིགས་ཆེད་འདིར་གནོན།

ནམ་རྒྱུན་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་ཚང་མས་ཁ་རྒྱུན་དུ་ཡོད་ཅིང་། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་པ་དེ་ནི་ཕྱེ་མར་ཟ་བ་དང་། ཆང་འཐུང་བ། ཤོ་སྦག་རྩེ་བ་ལྟ་བུའི་སྐད་ཆ་ཞིག་ཕལ་ཆེར་མིན། བཀྲ་ཤིས་ཞེས་པ་དེ་ནི། འཇམ་དཔལ་མཚན་བརྗོད་ལས། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །ཞེས་གསུངས་པ་ལྟར། བཀྲ་ཤིས་ཞེས་པ་ནི་ང་ཚོང་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཡིན། དེར་བརྟེན་བདེ་བའི་རྒྱུ་དེ་ཕན་པ་དང་བདེ་བ་སྟེར་མཁན་ཞིག་ཡིན་སྟབས། དེ་ལ་བཀྲ་ཤིས་ཞེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་བདེ་སྐྱིད་ཡོང་བའི་རྒྱུ་དགེ་བ་དེ་བསྒྲུབས་ན་རང་ཉིད་ཀྱི་མི་ཚེ་འདིར་གཞན་ཕན་གྱི་བསམ་པ་ཡོད་པ་དང་། གཞན་ལ་འཚེ་བ་མི་བྱེད་པ་བཅས་ཀྱི་ཐོག་ནས་མི་ཚེ་བསྐྱལ་ན། མི་ཚེ་དེ་ཉིད་བཀྲ་ཤིས་པ་ཞིག་བྱུང་བ་ཡིན། དེ་ལྟ་བུའི་བཀྲ་ཤིས་པའི་རྒྱུ་རྐྱེན་དེ་ལ་བརྟེན་ནས་འབྲས་བུ་བཀྲ་ཤིས་བདེ་ལེགས་ཞེས། བདེ་ནི། འཕྲལ་དུ་བདེ་བ་དང་། ལེགས་ཞེས་པ། མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་ཐོབ་པ་བཅས་ནང་པ་སངས་རྒྱས་པའི་གཞུང་ནས་གསུངས་པ་ལྟར་ན་དེ་ལྟར་འགྲོ་བཞིན་ཡོད། དེར་བརྟེན་ཁྱེད་རང་ཚོ་ཚང་མར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་བཀྲ་ཤིས་བདེ་ལེགས་མིང་དོན་མཚུངས་པ་ཞིག་དང་། བཀྲ་ཤིས་བདེ་ལེགས་དོན་དང་ལྡན་པ་ཞིག་གནང་རོགས་གནང་ཞེས་ངས་འདི་ལྟར་ཞུ་འདོད་བྱུང་།
ད་ལན་འདིར་སྨན་ཁང་གི་ལས་བྱེད་པ་ཚང་མས་དངོས་གནས་ཧ་ཅང་སྙིང་ཉེ་པོ་དང་། སེམས་ཁུར་ཆེན་པོ་བླངས་པར་བརྟེན་ངོས་རང་སྨན་ཁང་དུ་ཧ་ཅང་བློ་བདེ་བག་ཕེབས་ཐོག་བསྡད་ཡོད། དེ་ལྟར་ངོས་རང་བློ་བདེ་བག་ཕེབས་ཐོག་བསྡད་པར་བརྟེན་མི་སུ་ཞིག་ཐུག་འཕྲད་བྱུང་ཡང་ཚང་མ་འཛུམ་ཤིག་ཤིག་ཐོག་བསྡད་ཡོད་པའི་སྐོར་ཁྱེད་རང་ཚོར་ཞུ་འདོད་བྱུང་།

དེ་དང་ཆབས་ཅིག་བོད་རིགས་མིན་པའི་འཛམ་གླིང་ཐོག་ཏུ་ངོས་ཀྱི་ངོ་ཤེས་མི་སྣ་ཧ་ཅང་མང་པོ་ཞིག་ཡོད། དེ་ཡང་ཆོས་པའི་ནང་དུ་ཡོད་ལ། ཆོས་དད་མེད་པའི་ནང་དུའང་ཡོད། ལྷག་པར་ཚན་རིག་པའི་ཁྲོད་དུ་མང་པོ་ཞིག་ཡོད་པ་དང་། ལྷག་པར་ཕྲུ་གུ་ཆུང་ཆུང་ཁག་གཅིག་གིས་ངོས་ལ་ནད་གསོའི་འཚམས་འདྲིའི་ཡི་གེ་བྲིས་ནས་བསྐུར་མཁན་དེ་འདྲ་བྱུང་སོང་བས་དེ་དག་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད། ཚང་མས་སྨོན་ལམ་བསྐྱོན་པ་དང་། སེམས་ཁུར་བླངས་པ་སོགས་བྱས་པར་ང་རང་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ།
https://www.youtube.com/watch?v=KiZF_wPvI9g

 

Share this:
༢༢༤ ཀློག་གྲངས།