ཨ་རི་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ལྷན་ཚོགས།

ཟླ་འདིའི་ཚེས་༡༥ ནས་ཉིན་གཉིས་རིང་ཨ་རིའི་ཀེ་ལི་ཧྥོ་ནེ་ཡ་མངའ་སྡེའི་ནང། ཨ་རི་དང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་༡༠ ཡི་ལྷན་ཚོགས་དེ་འཚོགས་བཞིན་ཡོད་པ་རེད།

127463ཐེངས་འདིའི་ལྷན་ཚོགས་ནི་ཨ་རི་ལ་འཚོགས་པ་ཐེངས་དང་པོ་ཡིན་པ་དང། བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག ཚོང་ལས་སོགས་ཀྱི་བརྗོད་གཞིའི་ཐོག་ལ་གྲོས་མོལ་བྱེད་རྒྱུ་ཡིན་པ་རེད་འདུག

རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་འཛེམས་ཟོན་མེད་པའི་བྱ་སྤྱོད་དང་གླིང་ཕྲན་ཁག་ལ་བདག་དབང་རྩོད་ལེན་བྱེད་པར། ངོ་རྒོལ་བྱེད་མཁན་ཝི་ཏི་ནམ་དང་ཧྤི་ལི་པན་གཉིས་ཀྱིས། ཨ་རིས་རྒྱལ་ཁབ་དེ་གཉིས་ཀྱི་བདག་དབང་སྲུང་སྐྱོབ་ལ་འགན་ལེན་དགོས་པར་རེ་འདུན་བྱས་ཡོད་ཀྱང། ལྷན་ཚོགས་ཀྱི་རྒྱལ་ཁབ་གཞན་རྣམས་ཀྱིས་རྒྱ་ནག་དང་འགལ་ཟླ་འགྲོ་རྩིས་མེད་པས། ཐེངས་འདིའི་ལྷན་ཚོགས་ལས་གླིང་ཕྲན་ཁག་གི་བདག་དབང་རྩོད་རྙོག་ཐད། གྲུབ་འབྲས་ཐོན་རྒྱུ་མིན་པར་ཆབ་སྲིད་དཔྱད་བརྗོད་པ་མང་པོས་ཚོད་དཔག་བྱེད་བཞིན་འདུག

ལྷན་ཚོགས་སྟེང་གི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡོད་པས། ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་ཆབ་སྲིད་པ་༡༠༠ ལྷག་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མར། ཐེངས་འདིར་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་ཡོང་བར་རེ་སྐུལ་བྱས་ཡོད་འདུག་ཀྱང། ཨ་རིས་ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་རྒྱ་ནག་གི་དབང་ཤུགས་ཆུང་དུ་གཏོང་རྒྱུའི་དམིགས་ཡུལ་དང་ཚོང་ལས་ཀྱི་དམིགས་ཡུལ་ཆེན་པོ་བཟུང་པ་ལས། ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་ལ་སེམས་ཁུར་བྱེད་ཀྱི་མེད་སྐོར་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༥༦ ཀློག་གྲངས།