རྒྱ་གར་གྱི་མཐོ་རིམ་སློབ་མའི་གཞུང་ལ་ངོ་རྒོལ།

རྒྱ་གར་ནེ་རཱུ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་ཁབ་ལ་གྱེན་ལོག་དང་དཀྲུག་ཤིང་གི་ཉེས་མིང་འོག ཉེན་རྟོག་པས་འཇུ་བཟུང་བཀག་ཉར་དང་ཁྲིམས་གཏུག་བྱེད་བཞིན་ཡོད་པ་རེད།

127548ཁོང་གི་རྒྱབ་སྐྱོར་བ་ཚོས་བྱ་སྤྱོད་དེར་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཁར། ཁ་གཏད་དུ་སློབ་ཕྲུག་ཚོགས་པ་གཞན་གྱིས་ཚོགས་གཙོའི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་བྱེད་ཀྱི་ཡོད་པས། རྒྱ་གར་གྱི་བརྒྱུད་ལམ་ཁག་ནང་གནས་ཚུལ་དེའི་སྐོར་གླེང་སློང་ཆེ་ཤོས་ཤིག་ཆགས་བཞིན་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༩ ཉིན་ནེ་རཱུ་གཙུག་ལག་སློབ་གྲྭར་སློབ་ཕྲུག་ཁ་ཤས་ཀྱིས། ཕྱི་ལོ་༢༠༠༡ ལོར་རྒྱ་གར་གྱི་གྲོས་ཚོགས་ལ་དྲག་རྒོལ་བྱེད་མཁན་ཀ་ཤེ་མིར་མི་རིགས་ཨཧྤ་ཛལ་སྲོག་ཐོག་བཏང་ནས། ལོ་གསུམ་འཁོར་བའི་དུས་དྲན་སྟེང་ངོ་རྒོལ་སྐད་འབོད་དང། ཀ་ཤེ་མིར་མི་མང་གི་རང་དབང་ལ་རྒྱབ་སྐྱོར་སྐད་འབོད་ཀྱང་བྱས་ཡོད་འདུག དེ་ནས་ཚེས་༡༢ ཉིན་ལྡི་ལིའི་ཉེན་རྟོག་པས་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཀུ་མཱར་འཛིན་བཟུང་བྱས་ནས། ལྡི་ལིའི་ཁྲིམས་ཁང་ཞིག་གིས་ཁོང་ཉེན་རྟོག་ཁང་ལ་ཉིན་གསུམ་རིང་བཀག་ཉར་དགོས་པའི་བཀའ་བཏང་ཡོད་འདུག དེ་ཡང་ཁོང་གིས་རྒྱལ་ཁབ་ལ་གྱེན་ལོག་དང་དཀྲུག་ཤིང་གི་བྱ་སྤྱོད་བྱས་པའི་ཞུ་གཏུག་བྱེད་མཁན་བྱུང་བས། འཛིན་བཟུང་བྱས་པ་ཡིན་ཚུལ་ཁྲིམས་ཁང་གིས་འགྲེལ་བརྗོད་བྱས་འདུག་ཀྱང། ཁོང་གིས་ཉེས་འཛུགས་དག་ལ་ངོས་ལེན་བྱས་མེད་པ་རེད།

ཟླ་འདིའི་ཚེས་༡༣ཉིན་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་འཛིན་མཁན་གྱི་སློབ་ཕྲུག་ཚོགས་པ་དང་དེའི་རྒྱབ་སྐྱོར་བ་ཚོས། སློབ་ཕྲུག་གི་ཚོགས་གཙོ་འཛིན་བཟུང་བཀག་ཉར་བྱེད་པར་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་པས། ཉེན་རྟོག་པས་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྒོ་སྲུང་ནས་མཐའ་བཀག་ཡོད་འདུག དེ་བཞིན་ཉིན་དེར་རྒྱ་གར་སློབ་ཕྲུག་ཚོགས་པ་ཨེ་སྦི་ཝིས་སྦི་སྟེ་རྒྱལ་ཞེན་གྱི་ལྟ་བ་ཤུགས་ཆེན་འཛིན་མཁན་དང་རྒྱབ་སྐྱོར་བ་ཚོས། ཚེས་༩ ཉིན་གྱི་ནི་རཱུ་གཙུག་ལག་སློབ་གྲྭའི་ངོ་རྒོལ་སྐད་འབོད་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད་འདུག་ལ། རྒྱ་གར་གྱི་ཆབ་སྲིད་པ་ཁ་ཤས་ཀྱིས་རྒྱ་གར་ལ་ཁ་གཏད་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་བདག་དབང་ལ་དོགས་པ་སློང་བ་སོགས་བྱས་ཚེ་བཟོད་པ་བྱེད་ཐབས་མེད་སྐོར་སོགས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱར་འགྲེལ་བརྗོད་བྱས་ཡོད་འདུག

གནས་ཚུལ་དེ་ལ་བརྟེན་ནས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱར། ནེ་རཱུ་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་མཁན་དང། ཁོང་ཚོར་ངོ་རྒོལ་དང་མཐོ་སློབ་དེར་རྒྱལ་ཁབ་ལ་ཁ་གཏད་ཀྱི་ལྟ་བ་ཤུགས་ཆེན་ཡོད་པས་སྒོ་རྒྱག་དགོས་པར་བཤད་མཁན་ཡང་ཡོད་འདུག

ནེ་རཱུ་གཙུག་ལག་སློབ་གྲྭ་ཆེན་མོར་ཆབ་སྲིད་ཀྱི་གོ་རྟོགས་དང་རང་དབང་ཆེན་པོ་ཡོད་ཁར། སློབ་ཕྲུག་ཚོ་ཡང་ཆབ་སྲིད་ལ་དབྱིངས་དང་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པས། རྒྱ་གར་གྱི་མཐོ་སློབ་ཁག་ནང་ཆབ་སྲིད་ཀྱི་ལྟེ་བ་ཞིག་ཡིན་པ་རེད་ལ། ཁོར་ཡུག་དེར་རྒྱལ་ཞེན་གྱི་ལྟ་བ་འཛིན་མཁན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་གྱི་སློབ་ཕྲུག་ཚོགས་པ་ཤུགས་ཆེ་ཤོས་གཉིས་ཡོད་པ་རེད་ལ། ཕྱོགས་གཉིས་བར་སློབ་ཕྲུག་ལྷན་ཚོགས་ཀྱི་འོས་བསྡུའི་སྐབས་འགྲན་སྡུར་ཤུགས་ཆེན་བྱེད་སྲོལ་ཡོད་པ་རེད། དེ་གར་བོད་པའི་སློབ་ཕྲུག་མང་པོ་སློབ་སྦྱོང་བྱེད་མུས་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༥༩ ཀློག་གྲངས།