ངོ་རྒོལ་འདུ་འཛོམས་ཐོག་དྲག་གནོན་བྱས།

གྲོང་མི་ཆིག་སྟོང་ལྷག་གིས་གཞུང་གི་དཔོན་རིགས་ཚོས་དབུལ་སྐྱོར་རོགས་དངུལ་ལྐོག་ཟ་སོགས་ལ་ངོ་རྒོལ་འདུ་འཛོམས་བྱས་པའི་སྐབས། ཉེན་རྟོག་པ་བརྒྱ་ལྷག་སླེབས་ཏེ་རྡུང་རྡེག་དང་འཇུ་བཟུང་བྱས་ཡོད་པ་རེད།

1602190142042120ཕྱི་ཟླ་༢ ཚེས་༡༦ ཉིན། རྒྱ་ནག་ཀཱང་ཞི་ལུའུ་ཀྲུའུ་གྲོང་ཁྱེར་སེ་ཅང་རྫོང་ཐཱང་ལི་གྲོང་སྡེ་ཀྲན་ཏེ་གྲོང་གི་གྲོང་མི་ཆིག་སྟོང་ལྷག་འདུ་འཛོམས་ཀྱིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྐབས། ཉེན་རྟོག་པ་བརྒྱ་ཕྲག་བརྒལ་བ་གྲོང་པའི་ནང་དུ་སླེབས་ཏེ་དྲག་གནོན་བྱས་ཏེ་གྲོང་མི་བཞི་ལྔ་ཞིག་ལ་རྨས་སྐྱོན་བཟོས་ཡོད་པའི་ཁྲོད། མི་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་ཡིན་འདུག གྲོང་མི་བཅུ་ལྷག་འཇུ་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། གྲོང་མི་རྣམས་ཀྱིས་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ནི་སྲིད་གཞུང་གི་དཔོན་རིགས་ཚོས་དབུལ་སྐྱོར་མ་དངུལ་ལྐོག་ཟ་དང་། སྒེར་གྱིས་ཤིང་ནགས་ཉོ་བ་སོགས་ཀྱི་དོན་དུ་ཡིན་འདུག་ལ། གྲོང་སྡེ་དེའི་མི་རྣམས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་ཏེ་དུས་ཡུན་རིང་པོ་འགོར་ཟིན་ཞིང་། འདི་ལོའི་ཕྱི་ཟླ་༡ པོའི་ནང་ལས་འགུལ་བས་ས་གནས་གྲོང་སྡེ་སྲིད་གཞུང་གི་གློག་ཀླད་གཏོར་བཅོམ་བཏང་ཡོད་པ་དང་། ད་ལྟའི་ཆར་གྲོང་མི་རྣམས་ཀྱིས་གྲོང་སྡེ་སྲིད་གཞུང་གི་དཔོན་རིགས་ཚོས་དབུལ་སྐྱོར་རོགས་དངུལ་རྒྱ་སྒོར་ཁྲི་༣༠༠ ལྷག་ལྐོག་ཟ་བྱས་ཟིན་པ་ཤེས་རྟོགས་བྱུང་ཡོད་པ་རེད།

ས་གནས་ས་ཐོག་ནས་གནས་ཚུལ་རྒྱུས་ལོན་ཡོད་མཁན་ཞིག་གིས་ཕྱིའི་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་པ་ལྟར་ན། ཕྱི་ཚེས་༡༦ གི་ཉིན་གསུམ་སྔོན། རྫོང་དཔོན་དང་གྲོང་སྡེའི་འགོ་ཁྲིད་གཉིས་ཀ་མཉམ་ཞུགས་ཐོག་གྲོང་མི་རྣམས་འདུ་འཛོམས་ཀྱིས་ཚོགས་འདུ་འཚོགས་ཡོད་པ་དང་། སྐབས་དེར་གྲོང་མི་རྣམས་ཀྱིས་ཚོགས་འདུའི་ཐོག་གཞུང་ཕྱོགས་ནས་དབུལ་སྐྱོར་མ་དངུལ་དང་། ནགས་ཚལ་ར་བ་གསུམ་གྱི་གཞུང་དངུལ་བཅད་ཁྲ་ཡོངས་གྲགས་ཐོག་ཁྱབ་བསྒྲགས་བྱས་ཏེ། གྲོང་མི་རྣམས་ལ་གསལ་བཤད་དགོས་པའི་རེ་འདུན་བཏོན་པའི་སྐབས། རྫོང་དཔོན་དང་གྲོང་སྡེའི་འགོ་ཁྲིད་གཉིས་ཀྱིས་དྲི་བར་ལན་འདེབས་མ་བྱས་པར་འགྲོ་གྲབས་བྱེད་པའི་སྐབས། གྲོང་མི་རྣམས་ཀྱིས་ཚོགས་འདུ་མ་ཚར་བར་འགྲོ་མི་ཆོག་པར་བརྗོད་དེ་བཀག་འགོག་བྱས་ཡོད་པ་རེད།

ཕྱི་ཟླ་༢ པའི་ཚེས་༡༦ ཉིན། གྲོང་མི་ཆིག་སྟོང་ལྷག་འདུ་འཛོམས་བྱས་ཡོད་པའི་སྐབས་སུ་གློ་བུར་དུ་ཉེན་རྟོག་པ་བརྒྱ་ལྷག་གྲོང་པའི་ནང་དུ་འཛུལ་ཏེ། གྲོང་མི་རྡུང་རྡེག་དང་འཇུ་བཟུང་གི་དོན་རྐྱེན་དེ་བྱུང་ཡོད་པ་དང་། གྲོང་མི་ལག་ནས་སྐད་སྦུག་སོགས་འཕྲོག་ཏེ་གོང་རིམ་ལ་ཞུ་གཏུག་ཏུ་འགྲོ་བར་བཀག་འགོག་བྱས་ཡོད་པ་མ་ཟད། ཕྱོགས་གཉིས་བར་ཟིང་འཁྲུག་ཤོར་ཏེ་གྲོང་མི་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་པ་རེད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share this:
༢༠༧ ཀློག་གྲངས།