ཡཱེ་ཞའོ་ཝན་གྱིས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་དམར་ཤོག་དྲུང་ཆེའི་འགན་ཁུར་རྒྱུ་མིན་པ།

yanxiaowenཉེ་ཆར་རྒྱ་ནག་སྐམ་སའི་བརྒྱུད་ལམ་ཁག་ཅིག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་རྒྱལ་ཁབ་ཆོས་ལུགས་ལས་དོན་ཁང་གི་འགན་འཛིན་ཟུར་པ་ཡཱེ་ཞའོ་ཝན་གྱིས་དབུས་སྤྱི་ཚོགས་རིང་ལུགས་སློབ་གླིང་དམར་ཤོག་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་། སློབ་གླིང་དེའི་སློབ་སྤྱི་གཞོན་པ་ཨང་དང་པོའི་ལས་འགན་བསྐྱར་དུ་ཁུར་རྒྱུ་མིན་ཞིང་། ཡཱེ་ཞའོ་ཝན་གྱིས་དུས་ཡུན་རིང་པོའི་ནང་རྒྱ་ནག་ཆོས་ལུགས་ལས་དོན་ཚན་པའི་འགོ་ཁྲིད་ཀྱི་འགན་ཁུར་པའི་སྐབས་བོད་ཀྱི་ཆོས་ལུགས་བྱེད་སྒོ་ཁག་བཙན་གནོན་བྱས་པ་མ་ཟད། ཅང་ཙེ་མེན་གྱི་རྗེས་སུ་ཧུར་བརྩོན་གྱིས་ཤར་བསྐྱོད་བྱས་ཏེ་ཆོས་འཁོར་སྒོམ་སྒྲུབ་ཚོགས་པར་གནོན་འཚེ་ཡི་སྲིད་ཇུས་ཤུགས་ཆེན་ལག་བསྟར་བྱས་མྱོང་པ་རེད།

རྒྱ་ནག་སྐམ་སའི་བརྒྱུད་ལམ་<<ཀིན་ཀྲུའུ་ཉིན་རེའི་གསར་ཤོག་>> སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་༢ ཚེས་༢༠ ཉིན་སྐབས་བཞི་པའི་“གནམ་འོག་གི་ཀིན་ཀྲུའུ་མིའི་ལོ་འཁོར་ཚོགས་ཆེན་”ཞེས་པ་ཀིན་ཡཱང་དུ་སྐོང་འཚོགས་བྱས་པ་དང་། རྒྱལ་ཕྱི་ནང་གཉིས་ནས་ཀིན་ཀྲུའུ་དང་འབྲེལ་བ་ཡོད་པའི་མི་སྣ་༨༠༠ ལྷག་ཚོགས་འདུར་མཉམ་ཞུགས་བྱས་ཤིང་། ཚོགས་འདུའི་ཐོག་དབུས་སྤྱི་ཚོགས་རིང་ལུགས་སློབ་གླིང་དམར་ཤོག་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་སློབ་སྤྱི་གཞོན་པ་ཡཱེ་ཞའོ་ཝན། ཕྱིའི་དཔལ་འབྱོར་དང་ཚོང་ལས་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་ལཱོང་ཡཱོ་ཐཱོས། རྒྱལ་ཡོངས་དམངས་འཐུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱ་ནག་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཀྲང་ཅེ་གཙོས་རྒྱ་ནག་གི་དཔོན་རིགས་མང་པོ་ཞིག་སླེབས་ཡོད་འདུག

གོང་གི་གནས་ཚུལ་དེའི་ནང་ཡཱེ་ཞའོ་ཝན་གྱིས་རྒྱ་ནག་དབུས་སྤྱི་ཚོགས་རིང་ལུགས་སློབ་གླིང་དམར་ཤོག་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་། སློབ་སྤྱི་གཞོན་པ་ཨང་དང་པོའི་ལས་འགན་བསྐྱར་དུ་ཁུར་རྒྱུ་མིན་སྐོར་བཀོད་ཡོད་པ་རེད།

ད་ལྟ་རང་ལོ་༦༥ ཡིན་པའི་ཡཱེ་ཞའོ་ཝན་གྱི་ཕ་ཡུལ་ནི་ཧུ་ནན་ལིན་ཞཱ་ནས་ཡིན་ཞིང་། ཐོག་མར་ཀིན་ཀྲུའུ་ཞིང་ཆེན་དུ་ལས་ཀ་བྱས་ཏེ་ཀིན་ཀྲུའུ་ཞིང་ཆེན་སྤྱི་ཚོགས་རིག་པ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་དྲུང་ཆེ་གཅིག་ལྕོགས། དམར་ཤོག་ན་གཞོན་རུ་ཁག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་སོགས་ཀྱི་འགན་ཁུར། ༡༩༩༥ ལོ་ནས་༢༠༠༩ བར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ལས་དོན་ཁང་གི་འགན་འཛིན་གྱི་གོ་གནས་ཐོག་ལས་ཀ་བྱས། ༢༠༠༩ ལོའི་ཟླ་༩ ནས་ད་ལྟའིཌྷ་བར་རྒྱ་ནག་དབུས་སྤྱི་ཚོགས་རིང་ལུགས་སློབ་གླིང་དམར་ཤོག་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་སློབ་སྤྱི་གཞོན་པའི་འགན་ཁུར།

རྒྱ་ནག་དམར་ཤོག་སྤྱི་ཚོགས་རིང་ལུགས་སློབ་གླི་ནི་པེ་ཅིང་དུ་ཡོད་ཅིང་། རྒྱ་ནག་དམར་ཤོག་འགོ་ཁྲིད་ཀྱི་འཐབ་ཕྱོགས་གཅིག་གྱུར་རང་བཞིན་གྱི་ངོ་བོ་ལྡན་པའི་ཆབ་སྲིད་ཀྱི་སློབ་གླིང་ཞིག་ཡིན་པ་རེད།

ལོ་སྔོན་མའི་ལོ་མཇུག་ཏུ་བོད་རིག་པའི་ཆེད་མཁས་པ་སྐུ་ཞབས་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་རྩོམ་ཡིག་སྤེལ་ཏེ། རྒྱ་ནག་གི་ཆོས་ལུགས་ལས་དོན་ཚན་པའི་འགན་འཛིན་ཡཱེ་ཞའོ་ཝན་གཙོས་པའི་མི་རིགས་དང་ཆོས་ལུགས་ཀྱི་འགན་ཁུར་མི་སྣར། སྤྲུལ་རྫུན་ཀྲང་ཐའེ་ལི་ཡི་ཁྲི་འདོན་དང་འབྲེལ་ནས་སྐྱོན་བརྗོད་དྲག་པོ་བྱས་ཤིང་། སྤྲུལ་རྫུན་ཀྲང་ཐའེ་ལི་ནི་ཕྱིའི་རྣམ་པ་དང་འཁྲབ་སྟོན་མཁན་ཙམ་ཡིན་པ་ལས། དེའི་རྒྱུ་རྐྱེན་དང་རྩ་བ་ངོ་མ་དེ་ཡཱེ་ཞའོ་ཝན་ཡིན་སྐོར་བརྗོད་ཡོད་ལ། འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་དུས་ཡུན་རིང་པོར་མི་རིགས་དང་ཆོས་ལུགས་ཀྱི་ལས་ཀ་བྱས་མྱོང་བའི་མི་སྣའི་སྐད་ཆ་ལུང་འདྲེན་བྱས་ཏེ། ཡཱེ་ཞའོ་ཝན་གྱིས་ཆོས་ལུགས་ལས་དོན་ཁང་གི་འགན་འཛིན་གྱི་འགན་ཁུར་བའི་ལོ་༡༤ རིང་ནི། རིག་གནས་གསར་བརྗེ་ཕུད་པའི་བོད་བརྒྱུད་ནང་བསྟན་ཁྲོད་རྙོག་འཛིང་ཆེས་ཆེ་བ་དང་། གནད་དོན་ཆེས་མང་བའི་དུས་སྐབས་ཤིག་ཡིན་པའི་སྐྱོན་བརྗོད་ཡོད། རྗེས་སུ་རྩོམ་ཡིག་དེ་དྲ་ཐོག་ནས་ནག་བསུབ་ཏུ་བཏང་ཡོད་ཀྱང་། རྒྱལ་ཕྱི་ནང་གཉིས་དང་ལྷག་པར་དུ་སྤྱི་ཚོགས་འབྲེལ་མཐུད་དུ་བརྒྱུད་ལམ་ཁག་ཏུ་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར།

ཡཱེ་ཞའོ་ཝན་ནི་ད་དུང་ཅང་ཙེ་མེན་གྱིས་ཆོས་འཁོར་སྒོམ་སྒྲུབ་ཚོགས་པར་གནོད་འཚེ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་ལག་དམར་གཙོ་བོ་ཞིག་ཀྱང་ཡིན་ལ། ཁོང་ནི་གོ་ལ་ཡོངས་ཀྱི་ཆོས་འཁོར་སྒོམ་སྒྲུབ་པའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཚོགས་ཁག་གིས་ཁྲིམས་ལ་ཞུ་གཏུག་བྱས་པའི་རྒྱ་ནག་དམར་ཤོག་དཔོན་རིགས་ནང་གི་གཅིག་ཡིན། ཡཱེ་ཞའོ་ཝན་གྱིས་ཆོས་ལུགས་དང་སློབ་གསོ། གསར་འགྱུར་བརྒྱུད་ལམ་སོགས་སྒྲིག་འཛུགས་ཀྱི་ཐོག་ནས་ཆོས་འཁོར་སྒྲུབ་ནག་པོ་བཟོ་བའི་གཏམ་བརྗོད་སྤེལ་བ་དང་། རྒྱ་ནག་མི་མང་གིས་ཆོས་འཁོར་སྒོམ་སྒྲུབ་པར་དགྲ་འཛིན་གྱི་བསམ་བློ་རྒྱུད་སྐུལ་བྱས་ཡོད།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share this:
༡༥༣ ཀློག་གྲངས།