བལ་ཡུལ་གྱི་གནམ་གྲུ་བོར་བརླག

ཟླ་འདིའི་ཚེས་༢༤ ཉིན་བལ་ཡུལ་དུ་གནམ་གྲུ་ཞིག་གནམ་ཐོག་ནས་བོར་བརླག་སོང་འདུག་པ་དང། དེའི་ནང་འགྲུལ་པ་༢༡ ཡོད་པ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་འདུག

1277གནམ་གྲུ་དེ་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་པོག་རྭ་ནས་ཇོ་སོམ་ཞེས་པའི་ས་གནས་ལ་འཕུར་འགོ་ཚུགས་ནས་དུས་ཚོད་ཏོག་ཙམ་རྗེས། གནམ་གྲུའི་འགྲུལ་བཞུད་སྟངས་འཛིན་བྱེད་མཁན་ལས་ཁུངས་དང་འབྲེལ་ལམ་ཆད་ཡོད་སྐོར་འབྲེལ་ཡོད་ལས་བྱེད་ཀྱིས་འགྲེལ་བརྗོད་བྱས་འདུག

ཐད་འཕུར་གནམ་གྲུ་གཉིས་གནམ་གྲུ་དེ་འཚོལ་ཞིབ་བྱེད་པར་བཏང་ཡོད་ཀྱང། གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས། འཚོལ་ཞིབ་ལ་འགོག་རྐྱེན་བཟོས་ཡོད་འདུག་པས། ད་ལྟའི་ཆར་གནས་ཚུལ་གང་ཡང་ཐོན་མི་འདུག

ཀ་ཏི་མན་ཊོ་དུས་བབ་ཀྱིས། གནམ་གྲུའི་ནང་འགྲུལ་པ་༢༣ དང་གནམ་གྲུའི་ལས་བྱེད་༣ ཡོད་པ་དང། འགྲུལ་པའི་ཁྲོད་རྒྱ་མི་ཞིག་དང་བྱིས་པ་༢ ཡོད་པ་དང་། བལ་ཡུལ་གྱི་ས་གནས་མུ་སེ་ཐང་གི་ས་མཚམས་ལ་མེ་འབར་བའི་བརྡ་ལན་འབྱོར་ནས། བལ་ཡུལ་ཉེན་རྟོག་པ་ས་གནས་དེ་གར་བརྟག་དཔྱད་བྱེད་པར་ཕྱིན་ཡོད་འདུག

རྒྱལ་སྤྱིའི་ནང་བལ་ཡུལ་གྱི་གནམ་གྲུའི་འགྲིམ་འགྲུལ་གནས་ཚད་ཤིན་ཏུ་སྐྱོ་པོར་ངོས་འཛིན་གྱི་ཡོད་པ་དང།  ཕྱི་ལོ་༢༠༡༣ ལོར་ཡུ་རོབ་མཉམ་འབྲེལ་གྱིས་ཡུ་རོབ་ནང་བལ་ཡུལ་གྱི་གནམ་གྲུ་འཕུར་བ་བཀག་སྡོམ་བྱས་ཡོད་པ་རེད། ཕྱི་ལོ་༡༩༤༩ ལོ་ནས་ད་བར་བལ་ཡུལ་ནང་གནམ་གྲུ་རྡབ་སྐྱོན་གྱི་གནས་ཚུལ་༧༠ ལས་མང་བ་བྱུང་ཡོད་པ་དང། མི་༧༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

 

 

 

Share this:
༣༡༡ ཀློག་གྲངས།