འབྲི་རུའི་སློབ་མའི་བརྡ་སྤྲོད་རིགས་པའི་བགྲོ་གླེང་།

ཟླ་འདིའི་ཚེས་ ༢༤ ཉིན་གྱི་སྔ་དྲོར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ནགས་ལྷ་རྩོམ་སྒྲིག་ཁང་གི་གོ་སྒྲིག་འོག་མདོ་ཁམས་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་བཞི་པ་དང་། བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཟབ་སྦྱོང་གི་མཛད་སྒོ་ཚོགས་ཡོད་པ་རེད།

12767མཛད་སྒོར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དྲུང་ཆེ་ངག་དབང་རབ་རྒྱས། བོད་གཞུང་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་བཅས་སྐུ་མགྲོན་ལ་ཕེབས་ཡོད་པ་རེད།

ཐེངས་འདིར་ས་གནས་ཁག་མི་འདྲ་བ་༡༤ ནས་སློབ་ཕྲུག་དང་དོན་གཉེར་ཅན་༤༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། ཉིན་གསུམ་གྱི་ལས་རིམ་ནང་ཉིན་གཉིས་རིང་ན་ག་སངས་རྒྱས་བསྟན་དར་གྱིས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྐོར་ལ་ཟབ་སྦྱོང་དང་། ཉིན་གཅིག་རིང་སློབ་མ་རྣམས་ཀྱིས་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

མདོ་ཁམས་ནགས་ཤོད་འབྲི་རུ་བ་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་བྱས་ནས་དུས་དེབ་འདོན་སྤེལ་དང་། དྲ་རྒྱ་གསར་བཟོ། སྙན་རྩོམ་འགྲན་སྡུར། བརྡ་སྤྲོད་རིག་པའི་བགྲོ་གླེང་སོགས་ཀྱི་ལས་འགུལ་ལོ་ལྟར་སྤེལ་བཞིན་ཡོད་པས།  འདི་ལོ་ནི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་བཞི་པ་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༦༥ ཀློག་གྲངས།