ཡུ་གུར་མི་ལྔ་ལ་སྲོག་ཁྲིམས་བཅད་པ།

ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུ་མུ་ཆིའི་འབྲིང་རིམ་ཁྲིམས་ཁང་ནས་སླར་ཡང་མི་༨ ལ་ཚེ་བཙོན་ཁྲིམས་ཆད་དང། མི་༥ ལ་སྲོག་ཁྲིམས་བཅད་པའི་གནས་ཚུལ་གསར་ལམ་ཁག་ནས་སྤེལ་འདུག འབྲིང་རིམ་ཁྲིམས་ཁང་ནས་སྲོག་ཁྲིམས་ཕོག་པའི་མི་ལྔ་པོར་ལོ་གཉིས་ཕྱིར་འགྱངས་བྱས་ཡོད་པ་དང། སྲོག་ཁྲིམས་ནས་ཚེ་བཙོན་དུ་ཁྲིམས་ཆད་གུ་ཡངས་ཡོང་རྒྱུའི་རེ་བ་ཡོད་ཚུལ་བརྗོད་མཁན་ཡང་ཡོད་པ་རེད། སྲོག་ཁྲིམས་ཀྱི་ཉེས་པ་འགེལ་དོན་ནི། ལོ་འདིའི་ཟླ་༧ ཡས་མས་སུ་རྒྱལ་ས་ཨུ་རུ་མུ་ཆི་རུ་ཡུ་གུར་མི་རིགས་དང་རྒྱ་ནག་ཧན་མི་རིགས་དབར་འཁྲུག་འཛིང་བྱུང་སྐབས་དེའི་ཁྲོད་དུ་ཡོད་པའི་ནག་ཉེས་བཀལ་ཡོད་འདུག སྐབས་དེའི་དོན་རྐྱེན་ཁྲོད་མི་༢༠༠ ཙམ་དམར་གསོད་བཏང་ཡོད་པ་དང། དེའི་ནང་མང་ཆེ་བ་རྒྱ་ནག་ཧན་མི་རིགས་ཤི་སྐྱོན་བྱུང་ཡོད་སྐོར་རྒྱ་ནག་གི་དཔོན་རིགས་ཚོས་གསར་ལམ་ཁག་ཏུ་བརྗོད་ཡོད་པ་རེད།
དོན་རྐྱེན་བྱུང་སྐབས་ཡུ་གུར་མི་རིགས་དངོས་སུ་ཟིང་ཆ་དེའི་ཁྲོད་མཉམ་ཞུགས་བྱས་ཡོད་མེད་ཇི་ལྟར་ཡང། དོན་རྐྱེན་དེའི་རྐྱེན་གྱིས་ཁམ་བྷོ་ཌི་ཡ་རྒྱལ་ཁབ་ཏུ་ཡུ་གུར་བ་ཉི་ཤུ་ཙམ་སྐྱབས་བཅོལ་དུ་སོང་བ་རྣམས་ཉེ་ཆར་ཁམ་བྷོ་ཌི་ཡ་གཞུང་ནས་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཡོད་པ་རེད། དེར་ཨ་རི་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་ཅིག་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག ཡུ་གུར་བ་དེ་རྣམས་ཕྱིར་རྒྱ་ནག་ཏུ་རྩིས་སྤྲོད་བྱེད་དོན་ནི། ཁོ་ཚོས་ཁྲིམས་འགལ་ངང་རྒྱལ་ཁབ་དེར་གནས་སྤོས་བྱས་ལུགས་རྒྱ་ནག་དང་ཁམ་བྷོ་ཌི་ཡ་གཞུང་གཉིས་ཀྱིས་ཉེས་འཛུགས་བྱས་ཡོད་པ་རེད།།

Share this:
༢༡ ཀློག་གྲངས།