དགའ་ལྡན་ཕོ་བྲང་གི་ཁ་གྲག་རན་འདུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༨༤ ཕྱི་ལོ་ ༢༠༡༦/༣/༢

བཀའ་ཤག་དང་ཚོགས་གཙོའི་དབར་འཁྲུན་ཐག་མ་ཆོད་པའི་དུས་དབང་ཕྱིར་འཐེན་སྐོར་གྱི་རྩོད་རྙོག

སྤྱིར་ལོ་འདིའི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་བོད་མི་རིགས་ཀྱི་འཕྲལ་ཕུགས་གང་ལའང་གནོད་སྐྱོན་མ་གཏོགས་ཕན་ཐོགས་གང་ཡང་མེད་པའི་རྩོད་རྙོག་མང་པོ་ཞིག་འགྲོ་བཞིན་ཡོད་པ་དང། འོས་གཞི་གཉིས་ཀྱི་དབར་དུའང་འཁྲུན་ཐག་གཏན་ནས་གཅོད་མི་ཐུབ་པའི་རྩོད་རྙོག་ཅིག་ཡོད་པ་ནི་དུས་དབང་ཕྱིར་འཐེན་དང་འབྲེལ་བའི་སྐོར་དེ་རེད། རྩ་བས་དུས་དབང་ཕྱིར་འཐེན་གྱི་སྐོར་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་དྲོན་མོ་ནས་བཀའ་གནང་བ་དེ་སོར་འཇོག་བྱེད་དགོས་པ་ལས། དེ་ལ་གསར་སྤྲོས་ཀྱིས་འགྲེལ་བཤད་སུས་ཀྱང་མི་དགོས་པ་ལྟ་བུ་རེད་དེ། སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་གི་ངོས་ནས་དེ་ལ་རྒྱབ་ལྗོངས་གཞན་དག་ཅིག་ཡོད་པ་དང། ༧གོང་ས་མཆོག་གིས་བཀའ་གནང་བ་དེ་དགོས་དབང་གིས་ཡིན་ཚུལ་སོགས་ཐེངས་ཁ་ཤས་གསུངས་པ་དང། བཀའ་ཤག་གིས་དེ་ལ་ལན་འདེབས་ཀྱིས་གསལ་འགོད་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད།
དེའི་རྗེས་སུ་གནད་དོན་དེ་ཞི་འཇམ་དུ་གྱུར་པ་ལྟ་བུ་ངོས་འཛིན་བྱས་ཀྱང་མུ་མཐུད་དུ་རྙོག་གླེང་དེ་སྤྱི་ཚོགས་ནང་ཤུགས་ཆེ་རུ་སོང་ཡོད་པ་མ་ཟད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཀྱང་མུ་མཐུད་གནད་དོན་དེའི་ཐད་ནས་ཁོང་ལ་རྒྱུ་མཚན་ཡོད་པ་པ་དང་གསལ་པོ་ངེས་པར་དུ་བཟོ་རྒྱུ་ཡིན་ཚུལ་སྔ་རྗེས་སུ་གསུངས་ཡོད། ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཉིས་དང། ཆོས་རིག་བཀའ་བློན་བཅས་ཀྱང་དེ་དང་འབྲེལ་བ་ཡོད་ཚུལ་གསུངས་ཡོད་པར་བརྟེན། གླེང་རྙོག་དེ་ད་དུང་འཁྲུན་ཐག་ཆོད་པ་ཞིག་གཏན་ནས་བྱུང་མི་འདུག སྤྱིར་དུས་དབང་གོ་སྒྲིག་དང་ཕྱིར་འཐེན་བྱས་དང་མ་བྱས་སྲིད་སྐྱོང་གི་འོས་བསྡུ་དང་འབྲེལ་བ་གང་ཡང་མེད་ནའང། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་དང་བསྟུན་ནས་སྲིད་སྐྱོང་གི་འོས་མི་གཉིས་ཀའི་ནང་ནས་སུ་༧གོང་ས་མཆོག་གི་བཀའ་རྩི་མཁན་ཡིན་པའི་རྣམ་པ་གསལ་སྟོན་བྱེད་ཐུབ་ན་དེ་སྲིད་སྐྱོང་ཆགས་རྒྱུ་དང། སུ་བཀའ་མི་རྩི་མཁན་ཡིན་པའི་རྣམ་པ་གསལ་སྟོན་བྱེད་ཐུབ་ན་དེའི་འོས་ཤོར་རྒྱུ་ཡིན་པར་ངོས་འཛིན་བྱས་འདུག
བཀའ་ཤག་གིས་གསལ་བསྒྲགས་བྱས་པ་དེ་ལས་ལྷག་ཅིག་བསྐྱར་དུ་ལན་འདེབས་དང་གསལ་བཤད་གནང་རྒྱུ་མེད་ཚོད་རེད་ལ། ཚོགས་གཙོས་ད་དུང་རྒྱབ་ལྗོངས་དང་གནས་ཚུལ་མང་པོ་ཞིག་ཤོད་རྒྱུ་ཡོད་ཚུལ་གསུངས་ཡོང་དུས་ཡོད་ཤག་དང། དེ་ཡང་ཁོང་ལ་དགའ་ལྡན་ཕོ་བྲང་རང་གི་ནང་གནས་སྐྱེལ་མཁན་ཞིག་ཡོད་སྲིད་པ་རེད། འོན་ཀྱང་ཁ་གཏད་དུ་གྱུར་ཟིན་པའི་རྗེས་སུ་གཅིག་གི་རྒྱུ་མཚན་གཅིག་གིས་མི་བརྩི་བ་དང། གཅིག་གིས་གནས་ལུགས་གཅིག་གིས་ཉན་འཇོག་བྱེད་རྒྱུའི་གོམས་གཤིས་དེ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཧ་ཅང་དཀོན་པར་བརྟེན། བསྐྱར་དུ་བགྲོ་གླེང་ག་ཚོད་བྱས་ཀྱང་ཤིང་གི་སྟ་རེ་ཤིང་ལ་ཟུག་མི་ཐུབ་པ་དེ་ནི་ཧ་ཅང་གསལ་པོ་རེད། རྩ་བས་གནད་དོན་དེ་གོང་དུ་བཤད་པ་བཞིན་འོས་བསྡུ་ཆེན་མོ་དང་འབྲེལ་བའི་སྐོར་ནས་ཧ་ཅང་གལ་ཆེན་པོ་ཞིག་མིན་ནའང། སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་དང་བསྟུན་ནས་མུ་མཐུད་རྩོད་གླེང་འགྲོ་བཞིན་ཡོད་པར་བརྟེན། སྣང་མེད་སྐྱུར་འཇོག་གཏན་ནས་མི་རུང་བའི་གནད་དོན་གལ་ཆེན་ཞིག་ཏུ་བསྒྱུར་ཟིན་འདུག
གནད་དོན་འདིའི་ནང་གི་འབྲེལ་ཡོད་གཙོ་བོ་དུས་འཁོར་དབང་ཆེན་དང་འབྲེལ་བའི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན་པ་དང། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཉིས་ཀྱི་མཚན་ཡང་རྩོད་རྙོག་དེའི་ནང་དྲུད་ཟིན་པ་ཟད། རྒྱ་གཞུང་གིས་ཀྱང་དེའི་སྐོར་སྐྱོན་བརྗོད་མང་པོ་ཞིག་བྱེད་བཞིན་པར་བརྟེན། འབྲེལ་མེད་ཀྱི་དོན་དག་ཅིག་སྤྱི་ཚོགས་ཁྱོན་ཡོངས་ཀྱི་རྩོད་རྙོག་ཆེན་པོ་ཞིག་ཏུ་མུ་མཐུད་མི་འགྱུར་ཆེད་གནད་དོན་འདི་ཉིད་ཀྱི་བྱུང་རིམ་དང། རྒྱབ་ལྗོངས་ངོ་མ་གང་ཡང་ཡིན་མིན་དེ་དགའ་ལྡན་ཕོ་བྲང་རང་ནས་དུས་ཐུང་ནང་རྒྱ་ཆེའི་མི་མང་ལ་གསལ་བསྒྲགས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། དེ་ལྟར་མ་བྱས་ན་མུ་མཐུད་དུ་རྙོག་གླེང་དེ་ཆེ་ནས་ཆེ་རུ་འགྲོ་རྒྱུ་ཡིན་ངེས་པ་དང། བཀའ་ཤག་དང་ཚོགས་གཙོའི་ངོས་ནས་ཕན་ཚུན་ཉན་འཇོག་གི་རྣམ་པ་གཏན་ནས་མེད་པ་དེ་གོང་དུ་བཤད་པ་བཞིན་ཧ་ཅང་གསལ་པོར་གྱུར་ཟིན་པས། དགའ་ལྡན་ཕོ་བྲང་གི་ངོས་ནས་གནད་དོན་དེའི་ཐད་ཁ་གྲག་རྒྱུ་དེ་དུས་ལ་བབ་འདུག
སྤྱིར་འོས་བསྡུའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཡང་ཡང་བེད་སྤྱོད་བྱེད་པ་ལས། རང་ཉིད་ཀྱི་བྱས་རྗེས་དང་འཇོན་ཐང་རྩལ་འདོན་མ་དགོས་པར་༧གོང་ས་མཆོག་ལ་བརྩི་བཀུར་དང་དད་གུས་ཡོད་མཁན་ཡིན་ཚུལ་ཁོ་ན་གླེང་ནས་འོས་ཤོག་ལ་རེ་བ་རྒྱག་དགོས་པའི་གནད་དོན་འདི་ལ་བསམ་ན། བོད་པའི་སྤྱི་ཚོགས་ཀྱི་མང་གཙོའི་གོམས་གཤིས་ཞན་དྲགས་པ་དང། ཡང་ན་ད་དུང་མང་གཙོའི་ལམ་ལུགས་འོས་འཚམས་མེད་པའི་རྟགས་མཚན་ཉག་གཅིག་དེ་ཡིན། ད་ལན་དུས་འཁོར་དབང་ཆེན་གྱི་སྐོར་ཡང་ཡང་གླེང་སློང་དགོས་པ་དེ་ཡང་འོས་མི་ཕན་ཚུན་༧གོང་ས་མཆོག་ལ་བརྩི་བཀུར་མི་བྱེད་མཁན་དང། མཛད་དཀའ་བཟོ་མཁན་ཡིན་པ་སྒྲུབ་ཆེད་ཙམ་ལས་སྤྱི་སེམས་དང་ལྷག་བསམ་ཞིག་གང་ཡང་མིན། གལ་སྲིད་སྔོན་ཚུད་ནས་ཕྱིར་འཐེན་བྱས་མེད་ན། ད་ལོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་བསྙུན་པ་སོགས་སྐུ་གཟུགས་བདེ་མིན་ལ་བརྟེན་དུས་ཚོད་དེར་དུས་དབང་གནང་ཐུབ་མེད་པ་དེ་ནི་ཚང་མས་གསལ་པོ་རྟོགས་ཐུབ་པ་ཞིག་ཏུ་གྱུར་ཟིན་པ་རེད།།

Share this:
༡༠༩ ཀློག་གྲངས།