བོད་མི་རྣམས་ནི་སྲུང་སྐྱོབ་བྲལ་ཏེ་འཇིགས་སྣང་འོག་འཚོ་གནས་བྱེད་བཞིན་ཡོད།

གསུམ་བཅུའི་དུས་དྲན་ཐེངས་༥༧ ཐོག་བཀའ་སྤྱི་གཉིས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཡར་རྒྱས་ཕྱིན་མེད་པ་དང། རྒྱ་ནག་གིས་སྤྲུལ་སྐུའི་ལམ་ལུགས་ལ་ཐེ་ཇུས་བྱེད་པར་ངོས་ལེན་མེད་སྐོར་སོགས་གཙོ་བོ་གསུངས་ཡོད་པ་རེད།

ཟླ་འདིའི་ཚེས་༡༠ ཉིན་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་༥༧ པའི་གཞུང་འབྲེལ་མཛད་སྒོ་ཚོགས་པ་དང་སྲིད་སྐྱོང་བློ་བཟང་སེང་གེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད། ཐེངས་འདིའི་མཛད་སྒོར་ཕྱི་ལོགས་ཀྱི་སྐུ་མགྲོན་གཙོ་བོ་མི་འདུག

IMG_0236མཛད་སྒོར་གྲོས་ཚོགས་ཀྱི་གཏམ་བཤད་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྒྲོགས་སྦྱངས་བྱས་པའི་ནང་འཁོད་དོན། “དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཆོལ་ཁ་གསུམ་གྱི་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་ངན་སྤྱོད་ལ་རྒོལ་བའི་མི་མང་སྒེར་ལངས་ཆེན་མོའི་དུས་ཚིགས་ཤིག་དང་། དེ་བཞིན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ཉིན་མོ་ཞིག་ཀྱང་ཡིན་སྟབས། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་དྲན་གསོ་དང་། ད་དུང་ཡང་རྒྱ་གཞུང་གི་མནར་གཅོད་གདུག་རྩུབ་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་བཞུགས་བོད་མི་ཡོངས་ལ་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།”ཞེས་དང་།

“བོད་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཟེར་བ་སོགས་ཐེངས་གྲངས་ཇི་ཙམ་མང་ཡང་མིང་རྫིག་དོན་སྟོང་ཤ་སྟག་ཅན་འདི་ཚོས་བོད་མི་རིགས་འདི་ཉིད་ཀྲུང་ཧྭ་མི་རིགས་དང་རྒྱང་རིང་དུ་འགྲོ་རྒྱུ་ལས་ཐག་ཉེ་རུ་ཆགས་རེ་མེད་པ་བཟོ་བཞིན་ཡོད་པ་ཉི་ཤར་སྦར་མོས་འགེབས་ཐབས་མེད་པ་ལྟར་རེད། རྒྱ་ནག་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་བཏང་སྟེ་བོད་མི་རྣམས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་རང་རང་གི་གང་འདོད་དགའ་སྐྱིད་ལ་རོལ་བཞིན་ཡོད་གནས་སོགས་མི་ལོ་ ༥༠ ལྷག་གི་གོང་ནས་བཟུང་བཤད་དང་ཤོད་བཞིན་ཡོད་ཀྱང་། བོད་མི་རྣམས་ཀྱི་དད་འདུན་རྩེ་གཅིག་ཏུ་ཞུ་ཡུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཙམ་ཡང་སྒྲིག་གཤོམ་མི་ཆོག་པ་དང་། དགོན་སྡེ་དང་གྲོང་ཚོ་ཁག་ལ་བཅའ་སྡོད་ལས་དོན་རུ་ཁག་ཟེར་བ་གཏན་འཇོག་གིས་ཆོས་ཕྱོགས་དང་འཇིག་རྟེན་གྱི་བྱ་བཞག་ཡོད་དོ་ཅོག་ལ་ཚོད་འཛིན་དང་བལྟ་རྟོག་དོ་ནན་བྱས་ཏེ་གཞིས་བཞུགས་བོད་མི་རྣམས་ཀྱི་ཟ་ཉལ་འགྲོ་འདུག་ཚུན་ཆད་ལ་བཀག་སྡོམ་བྱས་དང་བྱེད་བཞིན་པར་བལྟས་ན་ཞི་བདེ་ལྷིང་འཇགས་མེད་པའི་འཐབ་རྩོད་ཀྱི་གཡུལ་ས་ཞིག་གམ། ཉེས་ཅན་བཀག་ཉར་བྱེད་སའི་བཙོན་ར་ལྟ་བུ་ཞིག་ལས་རང་རང་ཅི་འདོད་ཀྱི་བདེ་སྐྱིད་ལ་ལོངས་སུ་སྤྱོད་བཞིན་པའི་རྣམ་པ་ཞིག་ནམ་ཡང་མཐོང་རྒྱུ་མེད་པ་བཟོས་ཡོད།” ཅེས་དང་།

IMG_0268དེ་བཞིན་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་རྩ་བ་ནས་ཕྱིན་མེད་པ། དེ་བཞིན་རྒྱ་ནག་གི་སྤྲུལ་སྐུ་འཚོལ་ཞིབ་མ་ལགས་ལ་ངོས་ལེན་མེད་པ། བོད་ཕྱི་ནང་གཉིས་ནས་བོད་ཀྱི་འཐབ་རྩོད་ཆེད་གློད་གཏོང་བྱེད་བཞིན་ཡོད་སྐོར་ཅེས་འཁོད་འདུག

དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེས་སྲིད་སྐྱོང་གི་གཏམ་བཤད་སྒྲོགས་སྦྱང་བྱས་པའི་ནང་འཁོད་དོན། “ཕྱི་ལོ་༡༩༥༩ ལོར་བོད་མི་མང་གིས་རྒྱ་དམར་གྱི་བཙན་གནོན་ལ་ཞི་རྒོལ་བྱས་ནས་ལོ་ལྔ་བཅུ་ང་བདུན་འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར་བོད་མི་རིགས་དང་རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་བཏུད་དང། ད་ལྟའང་བཙན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད།”ཅེས་དང།

“རྒྱ་དམར་གཞུང་ནས་བོད་གསར་པ་འཛུགས་བསྐྲུན་གྱིས་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོད་ཚུལ་ཁྱབ་བསྒྲགས་ཇི་ཙམ་བྱས་ཀྱང་དོན་དངོས་ནི་དེ་ལས་ལྡོག་སྟེ་བོད་མི་འདུ་སྡོད་ས་ཁུལ་ཚང་མར་དམ་བསྒྲགས་དང། རང་དབང་མེད་པར་གནས་ཡོད་པ་ནི་ད་ལྟ་རང་དབང་ཐོག་འགྲོ་འོང་མི་ཆོག་པའི་གནས་སྟངས་ཐོག་ནས་ར་སྤྲོད་གསལ་པོ་ཐུབ་ཀྱི་ཡོད།” “རང་དབང་ཚོགས་པའི་ ༢༠༡༦ ལོའི་སྙན་ཐོའི་ནང་འཛམ་གླིང་རྒྱལ་ཁབ་ཁོངས་ནས་བོད་ནི་རང་དབང་མེད་པའི་རྒྱལ་ཁབ་དང་ས་གནས་ཀྱི་གྲལ་མཐའ་ནས་བརྩིས་པའི་ཨང་གཉིས་པ་དེར་བཞག་ཡོད། འགྲོ་བ་མིའི་ཐོབ་ཐང་གལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་གྲོང་གསེབ་ཡོངས་རྫོགས་ལ་རྟོག་ཞིབ་ཟབ་ནན་བྱ་རྒྱུའི་ལས་རིམ་གཞི་རྒྱ་ཆེ་རུ་བཏང་ཡོད་སྐོར་གསལ་སྟོན་གནང་ཡོད། ཡང་ཡུ་རོབ་གྲོས་ཚོགས་ཀྱིས་ ༢༠༡༥ ཟླ་༡༢ པའི་ནང་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་བའི་སྐོར་སྙན་ཐོ་ཞིག་བཏོན་ཡོད་པ་དེར་བོད་ནང་ཆོས་དད་རང་དབང་མེད་པ་དང། འགྲུལ་བཞུད་ལ་དམ་བསྒྲགས་ཡོད་སྐོར་གསལ་བཀོད་གནང་ཡོད། དེས་ན་བོད་མི་རྣམས་ནི་སྲུང་སྐྱོབ་བྲལ་ཏེ་འཇིགས་སྣང་འོག་འཚོ་གནས་བྱེད་བཞིན་ཡོད་”ཅེས་དང།

IMG_0280དེ་བཞིན་༧གོང་ས་མཆོག་དང་རྒྱ་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་བྱས་ཏེ་བོད་རྒྱའི་དཀའ་རྙོག་བསལ་ཐུབ་པ་ཡོང་རྒྱུར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ། རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱུ་མཚན་མཐོང་སྟེ་༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་འབྲེལ་མོལ་བྱེད་དགོས་པའི་བསྐུལ་མ་བྱ་རྒྱུ་ཡིན་སྐོར་དང། ༧གོང་ས་མཆོག་གི་ཡང་སྲིད་ཀྱི་ཐག་གཅོད་བྱེད་དབང་༧གོང་ས་མཆོག་ཁོང་ཉིད་ལས་གཞན་སུ་ལའང་མེད་སྐོར་བཅས་འཁོད་འདུག

གཞུང་འབྲེལ་མཛད་སྒོ་གྲོལ་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཁང། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་དྷ་ས་མེག་གྷན་གཙུག་ལག་ཁང་ནས། དྷ་ཤོད་ཀ་ཅཱ་རི་བར་མི་མང་གི་ངོ་རྒོལ་ཁྲོམ་སྐོར་ཞིག་གོ་སྒྲིག་བྱས་ཡོད་པ་རེད། ངོ་རྒོལ་ཁྲོམ་སྐོར་ནང་སེར་སྐྱ་མི་མང་དང་སློབ་མ་མང་པོ་འཛུལ་ཞུགས་བྱས་ཡོད་པ་རེད་ལ་གནས་ཡོད་མི་སྣ་བོད་མི་མང་སྤྱི་འཐུས་ཁ་ཤས་ཀྱང་མཉམ་ཞུགས་བྱས་ཡོད་པ་རེད།

IMG_0447གོ་སྒྲིག་ཚོགས་ཆུང་ལྔ་ཡིས་གསར་འགོད་གསལ་བསྒྲགས་ནང་འཁོད་དོན། “དེ་རིང་གི་ཉིན་མོ་འདི་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ཆབ་སྲིད་ཀྱི་དོན་སྙིང་ཧ་ཅང་ཆེ་བའི་ཉིན་མོ་ཞིག་རེད་ལ།འཐབ་རྩོད་ཀྱི་དོན་སྙིང་ཧ་ཅང་ཆེ་བའི་ཉིན་མོ་ཞིག་ཀྱང་རེད།རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་བཅོས་མའི་དྲིལ་བསྒྲགས་གང་ཞིག་བྱས་རུང་། བོད་མི་རིགས་རྩ་མེད་བཟོ་བའི་གཞི་རྩའི་སྲིད་ཇུས་དང་ངོ་བོར་འགྱུར་ལྡོག་གང་ཡང་བྱུང་མེད་པར་བརྟེན། ང་ཚོའི་འཐབ་རྩོད་ཀྱང་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་དགོས་པ་ལས་མཇུག་བསྒྲིལ་གྱི་དུས་ཚོད་ཞིག་ལ་ཞིག་སླེབས་ཀྱི་མེད”ཅེས་འཁོད་འདུག

དྷ་ཤོད་ཀ་ཅཱ་རིར་ཚོགས་པ་ལྔའི་སྐུ་ཚབ་རྣམ་གྱིས་གཏམ་བཤད་གནང་ཡོད་པ་དང། འདི་ལོའི་ངོ་རྒོལ་ལ་སྔ་ལོ་ལས་མི་མང་མང་བ་མཉམ་ཞུགས་བྱས་ཡོད་པ་རེད།

གསར་འགོད་པས་བོད་ཀྱི་མི་རབས་རྒན་པ་ཁ་ཤས་ལ་ལོ་མང་པོའི་རིང་གསུམ་བཅུའི་དུས་དྲན་བསྲུང་བརྩི་བྱས་ནས་ཡོང་བ་ཡིན་པས། རེ་བ་དང་བློ་ཕམ་གང་ཡོད་སྐོར་དྲིས་ཀྱང། ཁོང་རྣམ་པས་དེང་གི་ཆར་སྤྱི་ཚོགས་ནང་སྐད་ཆ་ཡག་པོ་མ་བཤད་ན་རྙོག་གྲ་ལྷག་གི་འདུག་པས། བསམ་ཚུལ་བཤད་འདོད་མེད་སྐོར་དང།  ཁ་ཤས་ཀྱིས་བཤད་རྒྱུ་གང་ཡང་མེད་སྐོར་གྱི་ལན་འདེབས་བྱས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༢༢ ཀློག་གྲངས།