བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱི་དགོངས་ཞུ་དང་འབྲེལ་བའི་བསམ་ཚུལ།

ཕུར་རྡོར།

བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་སྤྱི་པའི་དོན་ལ་དགོངས་པ་བཞེས་ཏེ་བཀའ་བློན་ལས་གནས་ནས་རྩ་དགོངས་ཞུས་པ་ཡིན་ཟེར་ཡང་། རྒྱ་ནག་གི་གསར་ལམ་སྐད་གྲགས་ཆེ་ཤོས་བཅུ་གྲངས་ཤིག་གི་ནང་དུ། “བདེ་སྐྱིད་ཆོས་དབྱངས་ཀྱིས་རྩ་དགོངས་ཞུས་པ་དེས། ཏཱ་ལའི་རུ་ཚོགས་ནང་ཁུལ་དུ་དབང་ཆ་འཐབ་རྩོད་ཀྱི་རྣམ་པ་ཡོད་པ་གསལ་པོ་མཚོན་ཡོད་པ་དང་། དེས་ཏཱ་ལའི་བླ་མས་སྲིད་དབང་རྩིས་སྤྲོད་བྱས་ཟིན་རྗེས། རྣོ་ངར་ཅན་གྱི་འགལ་བ་རྣམས་མངོན་གསལ་དོད་པོ་རུ་གྱུར་ཡོད་པ་མཚོན་ཡོད”ཅེས་བཀོད་འདུག

གསལ་འགྱུར་དེ་ཀློག་མཁན་རྒྱ་ནག་མི་མང་དུང་ཕྱུར་མང་པོ་ཡོད་པས། བརྡ་ལན་དེས་ཁོང་ཚོ་ལ་བཙན་བྱོལ་བོད་མིའི་ནང་ཁུལ་དུ་ཕྱོགས་རེས་དང་འཐེན་འཁྱེར་གྱི་རུལ་སུངས་ཡིན་པ་དང་། ༸གོང་ས་མཆོག་གིས་སྤོབས་པ་དང་གཟི་བརྗིད་ཀྱི་ངང་ནས་སྲིད་དབང་རྩིས་སྤྲོད་གནང་པ་དེ། ད་ཆ་ལྡོག་ཕྱོགས་ནས་གྲུབ་འབྲས་སྨིན་བཞིན་པའི་ར་སྤྲོད་བྱས་ཏེ་དགྲ་དགའ་གཉེན་སྡུག་གི་གནས་སྟངས་སུ་བསྒྱུར་ཡོད།

བདེ་སྐྱིད་ཆོས་དབྱངས་ཀྱིས་ངག་ནས་མོས་རྩ་དགོངས་ཞུས་པ་དེས་སྤྱི་པའི་དོན་ལ་ཕན་གི་ཡོད་མདོག་མདོག་བཤད་བཞིན་ཡོད། འོན་ཀྱང་བློ་རྣལ་དུ་གནས་ཏེ་ཞིབ་རྩིས་ཤིག་བརྒྱབས་ན། དེ་ལྟར་བགྱིས་པ་དེས་བོད་མིའི་ཐུན་མོང་གི་རྩ་དོན་འཐབ་རྩོད་ལ་གནོད་ཧ་ཅང་ཚབས་ཆེན་ཞིག་སྐྱེལ་ཡོད་པ་མ་ཟད། དགོངས་ཞུ་བྱས་པའི་རྒྱབ་ལྗོངས་དང་དམིགས་ཡུལ་རྣམས་ཀྱང་རང་བཞིན་གྱིས་གཅིག་རྗེས་གཉིས་མཐུད་དུ་ཕྱིར་མངོན་ཡོང་གི་ཡོད་དེ། སྤྱི་ཚེས་8ཉིན་གསར་ལམ་ཞིག་ཏུ་“མི་རྫིག་པོ་དགོས་ན་བློ་བཟང་སེང་གེར་འོས་བླུགས། ངའི་འོས་དེ་སྤེན་པ་ཚེ་རིང་ལ་བླུག་གི་ཡིན་”ཞེས་བཤད་པ་རེད། དོན་དུ་ངས་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་ཞིབ་མོའི་བློ་ཡིས་ཇུས་འགོད་བྱས་པའི་འཁྲབ་ཚན་དེ་མངོན་གསལ་དུ་གྱུར་པ་རེད།

གལ་ཏེ་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་བོད་སྤྱི་པའི་རྩ་དོན་དང་། བོད་མི་ནང་ཁུལ་གྱི་ཆིག་སྒྲིལ། དེ་བཞིན་༸གོང་ས་མཆོག་གིས་རླབས་ཆེན་གྱི་དགོངས་བཞེས་གནང་སྟེ་སྲིད་དབང་རྩིས་སྤྲོད་བྱས་པ་རྣམས་ལ་དོན་དམ་པའི་དགོངས་བཞེས་གནང་མཁན་ཞིག་དང་སེམས་ཁུར་བྱེད་མཁན་ཞིག་ཡིན་ན། ད་ལན་བཀའ་བློན་གྱི་ལས་གནས་ནས་དུས་ཡུན་མ་ཟིན་གོང་ནས་རྩ་དགོངས་ཞུ་མི་སྲིད་ལ། རྒྱ་ནག་གཞུང་ལ་གང་དགོས་པ་རྣམས་ཀྱང་མཁོ་སྤྲོད་བྱ་མི་སྲིད་པ་ཞིག་རེད།

མོ་རང་གིས་ཕྱི་དྲིལ་བཀའ་བློན་གྱི་ལས་ཁུར་བཞེས་ཏེ་ཕྱག་ལས་གནང་པའི་བརྒྱུད་རིམ་ལ་ཕྱིར་མིག་ཅིག་བལྟས་ན། ལྟོས་འཇོག་གི་ཆ་ནས་ལྷན་ཁང་ཁག་གི་ནང་ནས་འཐུས་ཤོར་སོང་བ་མང་ཤོས་དེ་ཕྱི་དྲིལ་ལྷན་ཁང་ཆགས་ཡོད། གང་ལགས་ཤེ་ན། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་ནག་གི་མི་མང་དཀྱུས་མ་རྣམས་ནི་ང་ཚོའི་དགྲ་བོ་མིན། རྒྱ་ནག་དམར་པོའི་གཞུང་དེ་ཡིན་ཞེས་སྔ་རྗེས་སུ་བཀའ་སློབ་གནང་མྱོང་བ་བཞིན། རྒྱ་ནག་མི་མང་གི་མི་སེར་དཀྱུས་མ་ནས་ཐད་ཀར་འབྲེལ་བ་བྱེད་དགོས་པ་དེ་གལ་འགངས་ཆེན་པོ་ཞིག་ཡིན་ཡང་། བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་དེ་ལྟར་བྱས་ཐུབ་མེད།

དཔེར་ན། རྒྱ་ནག་སྐམ་ས་ཆེན་པོ་གཙོར་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་དང་། དོ་སྣང་ཡོད་མཁན་སོགས་གང་མང་མང་ཞིག་རྡ་སར་ཡོང་བཞིན་ཡོད་ཀྱང་། དེ་དག་ལ་སྣེ་ལེན་འཐུས་ཚང་བྱེད་ཐུབ་ཀྱི་མེད་ལ། སྣེ་ལེན་བྱས་ཀྱང་ལོ་རྒྱུས་ཀྱི་སྟེང་ནས་འགྲེལ་བཤད་ལེགས་པོ་སྐྱོན་མ་ཐུབ་པ་སོགས། མདོར་ན་ཕྱི་དྲིལ་གྱི་ཐད་ནས་འཐུས་ཤོར་གྱི་ཆ་གང་འཚམས་ཤིག་ཡོད་སྐད། ཕྱི་དྲིལ་བཀའ་བློན་ཞིག་ལ་མཚོན་ན། མ་མཐའ་ཡང་རྒྱ་བོད་བར་གྱི་འབྲེལ་བའི་ཐད་ལ་ལོ་རྒྱུས་ཀྱི་རྒྱུན་ཤེས་གང་འཚམས་ཤིག་ཡོད་པའི་ཁར། འཇོན་ཐང་དང་ནུས་པ་གང་འཚམས་ཤིག་ཡོད་དགོས་པ་ནི་སྨོས་མེད་རེད།

འོན་ཀྱང་། མོ་རང་ལ་མཚོན་ན་དེའི་སྐོར་གྱི་ཤེས་ཚད་བཀའ་བློན་ནང་ནས་སྐྱོ་ཤོས་ཀྱི་གྲས་སུ་ཚུད་ཡོད་གཤིས། བཀའ་བློན་ནང་ནས་གཞན་དང་མ་འདྲ་བར་འདས་པའི་མི་ལོ་བཞི་ལྷག་གི་རིང་ལ་འཇོན་ནུས་ཀྱི་ཆ་ནས་དཀའ་ངལ་གང་མང་ཞིག་འཕྲད་ཅིང་། ལྷག་ཏུ་མི་འགྱངས་པར་འཚོག་ལ་ཉེ་བའི་གྲོས་ཚོགས་ཀྱི་ཚོགས་འདུ་རུ། སྤྱི་འཐུས་རྣམས་ཀྱིས་ཁོ་མོས་འཐུས་ཤོར་བཏང་བ་རྣམས་རེ་རེ་བྱས་ཏེ་འཙིར་ཨེ་འོངས་ན་བསམས་པའི་ཞེད་སྣང་ཞིག་ཡོད་པ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། ཡིན་ནའང་ད་ལྟ་ནས་དགོངས་ཞུ་བྱས་ཏེ་གྲ་སྒྲིག་སྔ་ས་ནས་བྱས་ན་ཉེན་ཁ་དེ་ལས་གཡོལ་ཆོག་པའི་ཁར། འགན་འཁྲི་ཕྱེད་ཀ་སྲིད་སྐྱོང་བློ་བཟང་སེང་གེར་གཡོག་ཆོག་པའི་གནས་སྟངས་སུ་གྱུར་ཡོད། དེའི་ཕྱིར། གནད་དོན་འདིའང་མོ་རང་གིས་དགོངས་ཞུ་བྱས་པའི་རྒྱུ་རྐྱེན་ནང་ནས་ཆ་ཤས་ཆུང་ངུ་ཞིག་ཏུ་བགྲང་ཆོག

གལ་ཏེ་བཀའ་བློན་ལས་གནས་ནས་མ་འཇོན་ནས་ངེས་པར་དུ་དགོངས་ཞུ་བྱེད་དགོས་པའི་གནས་སྟངས་སུ་གྱུར་ཀྱང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲིག་གཞི་གཞིར་བཟུང་། ཟླ་བ་གཉིས་ལྷག་གི་སྔོན་ནས་བཀའ་ཤག་ལ་དགོངས་ཞུའི་ཞུ་སྙན་འབུལ་དགོས་པའི་འཆར་ཅན་གྱི་འགྲོ་ལུགས་ལྟར་བྱེད་དགོས་ཀྱང་། མོ་རང་གིས་དེ་ལྟར་མ་གནང་སྟེ་ཐད་ཀར་དགོངས་ཞུ་བྱས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་མིག་དཔེ་ངན་པ་ཞིག་བཞག་ཡོད།

ལར། བདེ་སྐྱིད་ཆོས་དབྱངས་ནུབ་ཕྱོགས་ཤེས་ཡོན་གྱི་མཁའ་དབུགས་ནང་ནས་འཚར་ལོངས་བྱུང་སྟེ་ནར་སོན་པ་ཞིག་ཡིན་པས། ལྟོས་འཇོག་གི་ཆ་ནས་ཁྲིམས་ལུགས་ཀྱི་འདུ་ཤེས་གང་འཚམས་ཤིག་ཅི་ནས་ཀྱང་ཡོད་དགོས། ཡིན་ནའང་སེམས་སྐྱོ་འོས་པ་ཞིག་ལ། འཆར་ཅན་གྱི་འགྲོ་ལུགས་མེད་པར་བཅའ་ཁྲིམས་རིན་པོ་ཆེ་རྡོག་རྫིས་སུ་བཏང་སྟེ། ཧོབ་སྟེ་“ང་རྩ་དགོངས་ཞུ་ཡི་ཡིན”ཟེས་ནས་འགྲོ་ཆོག་ཆོག་བྱས་པ་རེད། དེས་སྤྱིར་བཟང་སྤྱོད་ཀྱི་ཆ་ནས་དང་། བྱེ་བྲག་ཏུ་ཁྲིམས་ལུགས་ཀྱི་ངོས་ནས་འགལ་ཡོད། རྒྱུ་མཚན་མོ་རང་གིས་ཚུལ་མིན་གྱིས་འགྲོ་རྐྱང་བྱས་ཏེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་རླངས་འཁོར་འབབ་ཚིགས་ནང་བཞིན། འགྲོ་ཆོག་ཆོག་དང་སྡོད་ཆོག་ཆོག་ཅིག་ཏུ་བརྩིས་ཏེ་རང་གཞུང་ལ་མཐོང་ཆུང་ཚད་མེད་དང་བརྩི་བཀུར་མ་ཞུས་པ་མཚོན་ཡོད།

མདོར་དྲིལ་ན། མོ་རང་གིས་སྤྱི་ཡོངས་ཀྱི་གནས་སྟངས་ལ་དགོངས་བཞེས་མ་གནང་སྟེ་ཆུང་ས་ཆུང་ས་ཞིག་གི་ཆེད་དུ་བློས་གཏོང་ཆེན་པོ་ཞིག་བྱས་པ་རེད། བློས་གཏོང་དེས་གང་ཟག་བྱེ་བྲག་པ་རེ་ཟུང་ལ་འཕྲལ་གྱི་བདེ་བ་ཕྲན་བུ་རེ་སྟེར་ཡོད་ངེས་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་གྱོང་བསམ་གྱིས་མི་ཁྱབ་པ་ཞིག་ཕོག་པ་ཡིན། ལྷག་པར་དུ་དགུང་གྲངས་བརྒྱད་ཅུར་ཕེབས་ཟིན་པའི་༸གོང་ས་མཆོག་གིས་ད་ལྟའི་བར་དུ་སྐུ་ལས་ཚད་མེད་བསྐྱོན་པའི་འབྲས་བུ་དང་བྱས་རྗེས་རྣམས་རྨེག་མེད་དུ་གཏོང་པར་ཆ་ཤས་ཆེན་པོ་ཞིག་བླངས་པ་ཡིན།།

Share this:
༡༦༩ ཀློག་གྲངས།