༧གོང་ས་མཆོག་ལ་བརྟན་བཞུགས་དང་པཎ་ཆེན་རྗེས་དྲན།

སྐབས་དེར་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་དཀའ་ཆེན་བློ་བཟང་ཚེ་བརྟན་མཆོག་གིས་མཎྜལ་ལྗགས་བཤད་གནང་བ་དང། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དབུ་ཞྭ་བཀྲ་ཤིས་དགུ་བརྩེགས་མ་༧གོང་ས་མཆོག་ལ་ཕུལ་ཡོད་པ་རེད། ༧གོང་ས་མཆོག་གིས་བཀའ་སློབ་གནང་དོན།hh 30 december2 “རྒྱལ་བ་དགེ་འདུན་གྲུབ་ཀྱིས་རང་ཉིད་ནས་ཚེ་དང་སྒྲུབ་པ་མཉམ་པའི་ཉམས་ལེན་རྩེ་གཅིག་ཏུ་གནང་བ་དེ་ལས་བསྟན་པ་དང་འགྲོ་བའི་དོན་དུ་བཀྲ་ཤིས་ལྷུན་པོའི་དགོན་པ་ཕྱག་བཏབ་ན། ཕན་བདེ་ཆེ་བར་དགོངས་ནས། རང་གི་སྒྲུབ་པ་ཉམས་བཞེས་གནང་རྒྱུ་བློས་བཏང་ནས། བཀྲ་ཤིས་ལྷུན་པོའི་དགོན་པ་ཕྱག་བཏབ་པ་ཞིག་ཡིན་པ་རེད། ཐུན་མོང་མ་ཡིན་པའི་ལས་འབྲེལ་ཡོད་པ་ཞིག་རེད་འདུག ཁྱེད་རང་ཚོ་ཡིན་ནའང་དད་པ་དམ་ཚིག་གཙང་མའི་སྒོ་ནས་བརྟན་བཞུགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔོན་དཀའ་ཆེན་བཟོད་པ་ལགས་ཡོད་སྐབས། ཁོང་གིས་བཀྲ་ཤིས་ལྷུན་པོ་རྒྱལ་བ་དགེ་འདུན་གྲུབ་པས་ཕྱག་བཏབ་པས། རྒྱལ་བ་རིན་པོ་ཆེའི་གདན་ས་ཡིན་གསུང་གི་ཡོད། ངས་རྩེད་མོ་བརྩེ་ནས། དགེ་འདུན་རྒྱ་མཚོ་བཀྲ་ཤིས་ལྷུན་པོ་ནས་ཕུད་པ་རེད་དཱ་ཞེས་བཤད་བསྡད་ཡོད། (མཚམས་དེར་བཞད་མོ་ཆེན་པོ་བཞད།) པཎ་ཆེན་ཡེ་ཤེས་རྩེ་མོ་དང་དེའི་ཚོའི་ཐོག་ལ་རྩོད་པ་འདྲ་ཏོག་ཙམ་བྱུང་ནས། དེ་ཚོ་དགོས་པ་ཆེན་པོ་རེད་འདུག གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་པ་དེ་ཡིན་ཐག་ཆོད་རེད། ཧོབ་ཏེ་བལྟས་དུས། ཐུགས་སྣང་མི་གཤིས་པའི་བཟོ་འདྲ་ཡོད་པ་རེད་མོད། ངེས་པ་དོན་གྱིས་དབུས་ཁུལ་དང། hh 30 december3ལྷོ་ཁ་ཁུལ་དུ་མཛད་པ་འཕྲིན་ལས་རྒྱས་དགོས་པ་ཞིག་དགེ་འདུན་གྲུབ་པ་རང་གི་བཟང་ཕྱོགས་ནས་ཡིན་ནའང། བསྟན་འགྲོའི་དོན་བསྐྱངས། དབུས་ཕྱོགས་ལ་མཛད་འཕྲིན་རྒྱས་དགོས་པ་དེ་འདྲ་ཡིན་པ་རེད། དེ་རྗེས་བསོད་ནམས་རྒྱ་མཚོས་སོག་ཡུལ་ལ་མཛད་འཕྲིན་བསྐྱངས་པ་དེ་ཚོ་ཞེ་དྲག་རེད་འདུག བསམ་གྱིས་མི་ཁྱབ་པ་རེད། ཁྱེད་རང་ཚོས་བོད་ནང་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དབུ་ཞྭ་བཀྲ་ཤིས་དགུ་བརྩེགས་ཟེར་གྱི་མ་རེད་དམ། བཀྲ་ཤིས་དགུ་དེ་བགྲང་ཐུབ་ཀྱི་ཡོད་དམ། དེ་ཡིས་རྟེན་འབྲེལ་ཡག་པོ་བྱུང། རི་བོ་དགེ་ལྡན་པའི་ཡོངས་གྲགས་ཀྱི་བླ་ཆེན་ཚོའི་ནང་པཎ་ཆེན་བློ་བཟང་ཆོས་རྒྱན་ཕལ་ཆེར་དགུང་ལོ་མཐོ་ཤོས་ཡིན་པ་རེད། དགུང་ལོ་བརྒྱ་དང་བརྒྱད་ལ་བཞུགས་པའི་ལོ་རྒྱུས་ཡོད་པ་རེད། ཁྱེད་རང་ཚོས་དབུ་ཞྭ་དེ་གནང་བ་རེད། རྟེན་འབྲེལ་ཡག་པོ་བྱུང། ངས་སྨོན་ལམ་རྒྱག། དེ་རིང་མཁན་རིན་པོ་ཆེས་མཎྜལ་བཤད་པ་དེ་དཀའ་ལས་ཞེ་དྲག་བརྒྱབ་འདུག ཐུགས་རྗེ་ཆེ། མཎྜལ་བཤད་པའི་ཁ་ཐུག་ལ་གནམ་གྲང་མོ་རེད་མོད། རྔུལ་ནག་ཏོག་ཙམ་ཤོར་བ་མིན་འགྲོ། (མཚམས་དེར་བཞད་མོ་ཆེན་པོ་བཞད།) ཡག་པོ་བྱུང་འདུག ཐུགས་རྗེ་ཆེ། བཀྲ་ཤིས་ལྷུན་པོ་གདན་སར་སློབ་གཉེར་བྱེད་མཁན་གཙོ་བོ་ཁྱེད་རང་ཚོ་ལ་དྭགས་ཁུལ་ནས་མར་ཡོང་བ་རེད། ཧུར་ཐག་བྱས་སོང། ཞེ་དྲག་ཡག་པོ་ཡིན། ད་ལྟ་ང་རང་ཚོ་ཐུན་མོང་གིས་དགེ་འདུན་གྲུབ་པའི་གསོལ་འདེབས་དེ་བཏོན་ན་ཡག་པོ་མིན་འགྲོ་ཞེས་གསུངས་པ་དང། ཚང་མས་གསོལ་འདེབས་འུར་འདོན་གནང་ཡོད་པ་རེད།
དེ་རྗེས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ། པཎ་ཆེན་རྗེས་དྲན་གྱི་མཛད་སྒོ་དབུ་འཛུགས་ཀྱིས་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་དཀའ་ཆེན་བློ་བཟང་ཚེ་བརྟན་མཆོག་ནས་པཎ་ཆེན་རིན་པོ་ཆེའི་སྐུ་ཚེའི་མཛད་འཕྲིན་དང་འབྲེལ་བའི་གསུང་བཤད་གནང་བ་དང། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་པཎ་ཆེན་རིན་པོ་ཆེའི་ཐུགས་སྟོབས་ཆེ་བའི་མཛད་རྗེས་ལ་བསྔགས་བརྗོད་ཀྱི་གསུང་བཤད་གནང། བཀའ་བློན་ཁྲི་པ་མཆོག་གིས་རྒྱལ་བ་ཡབ་སྲས་ཞལ་མཇལ་བྱུང་ནས་བོད་ཀྱི་བདེན་མཐའ་གསལ་བའི་སྨོན་འདུན་དང་བཅས་པའི་གསུང་བཤད་གྲུབ་རྗེས། ྋགོང་ས་སྐྱབས་མགོན་ཆེན་པོས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་དང་ྋགོང་ས་མཆོག་བར་གྱི་རྒྱལ་བ་ཡབ་སྲས་ཀྱི་འབྲེལ་ལམ་བྱུང་དོན་སྐོར་དང། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་སངས་རྒྱས་ཀྱི་བསྟན་པར་མཛད་རྗེས་རླབས་ཆེན་བཞག་པ་མ་ཟད།exhibition about penchen lama བོད་མི་རིགས་ཀྱི་བདེ་དོན་ཆེད་སྐུ་ངལ་ཚད་མེད་བསྐྱོན་མཁན་གྱི་ཐུགས་སྟོབས་ཅན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པའི་བསྔགས་བརྗོད་ཀྱི་བཀའ་སློབ་ཀྱང་གནང་སོང། ལྷག་པར་དུ་མ་འོངས་སོན་རྩ་བོད་ཕྲུག་རྣམས་ཀྱིས་སློབ་སྦྱོང་ལ་འབད་པ་ཧུར་ཐག་གིས་རང་ཉིད་བོད་མི་རིགས་ཤིག་ཡིན་པ་མ་བརྗེད་པ་བྱས་ནས། བོད་མི་རིགས་ཀྱི་སླད་དུ་ལེགས་སྐྱེས་འབུལ་ཐུབ་མཁན་ཞིག་དགོས་སྐོར་སོགས་བཀའ་སློབ་ལམ་སྟོན་གནང་སོང། ཉིན་དེར་པཎ་ཆེན་རིན་པོ་ཆེའི་མཛད་འཕྲིན་སྐོར་གྱི་འགྲེམས་སྟོན་གནང་བ་དང། ཚེས་༣༡ དགོང་མོ་པཎ་ཆེན་རྗེས་དྲན་གྱི་རོལ་དབྱངས་འདུ་འཛོམས་ཤིག་ཀྱང་གོ་སྒྲིག་བྱས་འདུག།།

Share this:
༦༩ ཀློག་གྲངས།