རྒྱལ་སྤྱིའི་གཙང་ཆུའི་ལས་འགུལ་དང་ཆུ་རགས་ལ་ངོ་རྒོལ་གྱི་ཉིན་མོ།

ཟླ་འདིའི་ཚེས་༡༤ ཉིན་ནི་རྒྱལ་སྤྱིའི་གཙང་ཆུའི་ལས་འགུལ་དང་ཆུ་རགས་ལ་ངོ་རྒོལ་གྱི་ཉིན་མོ་ཡིན་པས། དྷ་ས་མེག་གྷན་དུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ལས་འགུལ་དང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང།

IMG_0834རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷས་རྒྱ་ནག་གཞུང་གིས་ཡར་རླུང་གཙང་པོའི་སྟེང་ཆུ་རགས་བརྒྱབ་ཡོད་པས། དེས་རྒྱ་གར་གྱི་མངའ་སྡེ་ཨ་སམ་གཙོས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་ལ་གནོད་སྐྱོན་བྱུང་དང་འབྱུང་བཞིན་ཡོད་སྐོར་གྱི་གོ་རྟོགས་ལས་འགུལ་སྤེལ་གྱི་ཡོད་པ་དང། དེ་བཞིན་རྒྱ་གར་ཨ་སམ་མངའ་སྡེ་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་གཉིས་ཆེད་དུ་ཕྱིན་ནས། ཁུལ་དེའི་སློབ་ཕྲུག་དང་མི་མང་ལ་རྒྱ་ནག་གི་ཆུ་རགས་ཀྱི་གནོད་སྐྱོན་སྐོར་ལ་གོ་རྟོགས་སྤེལ་བཞིན་པ་དང། ཡར་རླུང་གཙང་པོའི་གནས་སྟངས་ལ་ལྟ་ཞིབ་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་སོང།

རྒྱ་ནག་གིས་བོད་ཀྱི་གཙང་པོར་འགན་མེད་པའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་མཚོན་ཆེད་དུ། གཏམ་བརྗོད་ཐུང་དུ་ཞིག་འཁྲབ་རྗེས། གསར་འགོད་གསལ་བསྒྲགས་ཤིག་འགྲེམ་སྤེལ་བྱས་སོང་བས། དེའི་ནང་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་སྟེང་དུ་ཆུ་རགས་བརྒྱབ་པ། དེའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་བྱེད་པ། ཆུ་ཁ་བསྒྱུར་བ་སོགས་ལ་ངོ་རྒོལ་མཚོན་ཆེད་དང། རྒྱ་ནག་གི་བྱ་སྤྱོད་དེ་དག་ལས་གཙང་པོ་དེར་འཚོ་བ་རྟེན་མཁན་གྱི་མི་མང་ཚོར་དཀའ་ངལ་ཆེན་པོའི་ཕྲད་དང་འཕྲད་མུས་ཡིན་པའི་གོ་རྟོགས་སྤེལ་ཆེད་དུ།  དེ་རིང་རྒྱ་གར་གྷོ་ཧ་ཊི་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་གཉིས་ཀྱིས་དཔར་གྱི་ལས་འགུལ་ཞིག་སྤེལ་ཡོད་སྐོར་བཀོད་འདུག

དེ་རིང་རྒྱལ་སྤྱིའི་ས་ཁུལ་གང་སར་གཙང་ཆུའི་སྟེང་ཆུ་རགས་རྒྱག་པར་ངོ་རྒོལ་དང་གཙང་ཆུ་སྐྱོབ་པའི་ཆེད་དུ་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༨༤ ཀློག་གྲངས།