ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་མཁན་ལ་དཔའ་བོ་དཔའ་མོ་མ་ལབ་ན་ག་རེ་ལ་ལབ་དགོས་རེད།

ཟླ་འདིའི་ཚེས་༢༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་གྲོས་ཚོགས་ཚོགས་དུས་༡༡ པའི་ཉིན་གཉིས་པའི་སྔ་དྲོའི་ལས་རིམ་ལ། བོད་ནང་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གྱི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་གཞི་གྲོས་འཆར་དང་འབྲེལ་ནས་བགྲོ་གླེང་བྱས་ཡོད་པ་དང། སྐབས་དེར་གྲོས་ཚོགས་ནང་རང་ལུས་མེར་སྲེག་མཁན་ལ་དཔའ་བོ་དཔའ་མོའི་མིང་བཏགས་ན་ཡག་པོ་ཡོད་མེད། རང་ལུས་མེར་སྲེག་གི་ལས་འགུལ་གྱིས་གྲུབ་འབྲས་ཐོན་ཡོད་མེད། གྲོས་ཚོགས་ནས་ལས་འགུལ་དེ་མཚམས་འཇོག་བྱེད་པའི་འབོད་སྐུལ་ཤུགས་ཆེན་བྱེད་དགོས་མིན། རྒྱ་ནག་གི་སྤྲུལ་སྐུ་འཚོལ་ཞིབ་མ་ལག་སྐོར་དང་༧གོང་ས་མཆོག་གི་ཡང་སྲིད། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་སོགས་ཀྱི་སྐོར་ལ་གླེང་སློང་བྱས་སོང།

 

དེ་ཡང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་གྱིས་རང་ལུས་མེར་སྲེག་བཏང་མཁན་ལ་དཔའ་བོ་དཔའ་མོའི་མིང་བཏགས་ན་ཁ་ཤས་ལ་གོ་བ་ལོག་པ་གོ་ཡི་ཡོད་པ་འདྲ་བོ་ཡོད་པ་དང། བོད་དོན་རྒྱབ་སྐྱོར་ཚོས་བོད་མིའི་ཚོའི་སྙིང་སྟོབས་ལ་རྒྱབ་སྐྱོར་ཡོད་ཀྱང།་རང་ལུས་མེར་སྲེག་ལ་རྒྱབ་སྐྱོར་བྱེད་མི་ཐུབ་པའི་གནས་སྟངས་ཆགས་ཡོད་པ། དེ་བཞིན་རང་ལུས་མེར་སྲེག་གི་ལས་འགུལ་དེ་མཚམས་འཇོག་ཡོང་བར་གྲོས་ཚོགས་ནས་འབོད་སྐུལ་ཤུགས་ཆེན་བྱེད་དགོས་པ་སོགས་ཀྱི་DSC0673-350x233སྐོར་ལ་གསུངས་སོང་བས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་མཁན་དཔའ་བོ་དཔའ་མོ་མ་ལབ་ན་ག་རེ་ལ་དཔའ་བོ་དཔའ་མོ་ལབ་དགོས་རེད་དང། ཕྱི་དྲིལ་གྱི་དྲ་རྒྱའི་སྟེང་རྒྱལ་གཅེས་པ་མ་གཏོགས་དཔའ་བོ་དཔའ་མོ་ཞེས་བྲིས་མེད་སྐོར་གསུངས་སོང།

དེ་བཞིན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་རང་ལུས་མེར་སྲེག་བྱས་པར་རྒྱལ་སྤྱིའི་ཐོག་གྲུབ་འབྲས་གང་ལ་གང་ཙམ་ཐོན་ཡོད་ཀྱང། དཔའ་བོ་དཔའ་མོ་ཚོའི་སྲོག་གི་རིན་ཚད་དང་མཐུན་པའི་གྲུབ་འབྲས་ཐོན་མེད་པ་སྒེར་གྱིས་ངོས་འཛིན་བྱེད་ཀྱི་ཡོད་ཀྱང། ཁོང་རྣམ་པ་ཚོར་རང་ལུས་མེར་སྲེག་མཚམས་བཞག་པའི་འབོད་སྐུལ་བྱེད་པར་སྤོབས་པ་མེད་སྐོར་གསུངས་སོང་བས། སྤྱི་འཐུས་ཁག་ཅིག་གིས་རང་ལུས་མེར་སྲེག་གི་གྲུབ་འབྲས་ཐོན་ཡོད་པ་དང། གྲུབ་འབྲས་ཐོན་མ་སོང་ཟེར་ན་འགྲིག་གི་ཡོད་ན་ཞེས་དང། གྲུབ་འབྲས་དེ་ཡང་དུས་ཚོད་ཐུང་ཐུང་ནང་ཐོན་དགོས་པ་ལྟ་བུ་མིན་པ། གྲུབ་འབྲས་ཐོན་པ་ལ་བོད་དང་སྐད་ཡིག་གསོན་པོ་གནས་དགོས་པ། བོད་དོན་རྒྱབ་སྐྱོར་བ་ཚོར་རང་ལུས་མེར་སྲེག་གི་གནད་དོན་ཐད་འགྲེལ་བཤད་གསལ་པོ་རྒྱག་དགོས་པ། རང་ལུས་མེར་སྲེག་མ་གནང་བའི་འབོད་སྐུལ་བྱེད་དགོས་མེད་གྲོས་མོལ་བྱེད་དགོས་པ་སོགས་ཀྱི་སྐོར་ལ་གསུངས་སོང།

དེ་བཞིན་སྤྱི་འཐུས་ཁག་ཅིག་གིས་རང་ལུས་མེར་སྲེག་གིས་གྲུབ་འབྲས་ཆེན་པོ་མ་ཐོན་པའི་རྒྱུ་མཚན་སྐོར་ལ་བགྲོ་གླེང་དང་ཆབ་སྲིད་ཀྱི་དཔྱད་པ་བྱེད་དགོས་སྐོར་གསུངས་བས། དེ་ལ་སྤྱི་འཐུས་གཞན་པ་ཁག་ཅིག་གིས་རང་ལུས་མེར་སྲེག་ལ་དཔྱད་པ་བྱེད་པ་དེ་ནོར་བ་ཡིན་པ། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཡིག་ཐོག་ཏུ་བཞག་པ་ཙམ་གྱིས་འགྲིག་གི་མེད་པ་དང། དེ་ལས་སོ་སོའི་བྱེད་སྟངས་ལ་བསྐྱར་ཞིབ་བྱས་ན་གདུང་སེམས་མཉམ་བསྐྱེད་དངོས་གནས་ཆགས་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་གསུངས་སོང།

གྲོས་ཚོགས་ནང་སྤྱི་འཐུས་ཚོས་རྒྱ་གཞུང་གི་སྤྲུལ་སྐུ་འཚོལ་ཞིབ་མ་ལག་ལ་ངོ་རྒོལ་ཡོད་པ་དང། དེ་ལ་ཁ་གཏད་གཅོག་དགོས་པ། བོད་དོན་རྒྱབ་སྐྱོར་བ་ཚོ་གལ་ཆེན་ཡིན་པས་དེ་དག་ལ་འབྲེལ་བ་དམ་ཟབ་བྱེད་དགོས་པ་སོགས་ཀྱི་སྐོར་ལ་གླེང་སློང་བྱས་སོང།

གྲོས་ཚོགས་ཀྱི་དབུ་འབྱེད་གསུང་བཤད་སྐབས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་འོས་བསྡུ་དང་འབྲེལ་བའི་གླེང་སློང་མི་ཡོང་བའི་འབོད་སྐུལ་བྱས་ཡོད་ཀྱང། དེ་རིང་གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་གིས་སྲིད་སྐྱོང་གི་འོས་བསྡུའི་སྐབས་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཚོགས་པ་ཡོད་པ་འདྲ་བོ་འགྲན་བསྡུར་དང་ཁ་གཏད་ཆེན་པོ་བྱས་ཡོད་པས། ནང་ཁུལ་ལ་དེ་ལྟར་བྱེད་པ་ལས་ཕྱི་རྒྱ་ནག་ལ་དེ་ལྟ་བྱེད་མི་ཐུབ་པ་གང་ཡིན་སྐོར། དེ་བཞིན་སྲིད་སྐྱོང་གི་འོས་མི་དེ་ཆོལ་ཁའི་ཚོགས་པ་ནས་བཏོན་པ་དེ་ཆིག་སྒྲིལ་ལ་གནོད་སྐྱེལ་ཡོད་པས་དེ་ལ་སྒྲིག་གཞི་བསྐྱར་བཅོས་ཀྱི་བགྲོ་གླེང་བྱེད་དགོས་པ། གྲོས་ཚོགས་དེའི་ནང་དུས་ཚོད་ཟུར་དུ་བཏོན་ནས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་བྱེད་ནས་གནད་དོན་ཚང་མ་གཙང་མ་བཟོས་ན་ཡག་པོ་ཡོད་སྐོར་སོགས་གླེང་སློང་བྱེད་མཁན་བྱུང་སོང།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

 

 

 

Share this:
༡༣༥ ཀློག་གྲངས།