རྒྱ་གཞུང་གི་ཁ་ཕྱོགས་ལ་མུ་མཐུད་རྗེས་འབྲངས་བྱེད་ཐུབ་ཀྱི་མི་འདུག

རྒྱ་ནག་ནང་གི་གསར་ཤོག་རྩོམ་སྒྲིག་པ་རྩེ་ཕུད་གྲས་སུ་ཡོད་པ་ཞིག་གིས། གཞུང་གིས་བརྒྱུད་ལམ་ཐོག་ལ་སྟངས་འཛིན་བྱེད་པའི་རྐྱེན་གྱིས་ལས་གནས་ལས་རྩ་དགོངས་ཞུ་རྒྱུ་ཡིན་སྐོར་བརྗོད་འདུག

1985375e79དེ་ཡང་ཟླ་འདིའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བྷི་བྷི་སི་བརྒྱུད་ལམ་དུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཉིན་རེའི་གསར་ཤོག་གི་རིག་གཞུང་སྡེ་ཚན་གྱི་རྩོམ་སྒྲིག་པ་ཡུ་ཧྲའོ་ལེ་ཡིས། རང་ཉིད་ཀྱི་ཝིས་བྷོ་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཐོག་ཏུ། ཁོང་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་ཕྱོགས་ལ་མུ་མཐུད་ནས་རྗེས་སུ་འབྲངས་ཐུབ་ཀྱི་མི་འདུག་པས། རྩོམ་སྒྲིག་པའི་ལས་གནས་ལས་རྩ་དགོངས་ཞུ་རྒྱུ་ཡིན་ཞེས་རྩ་དགོངས་ཀྱི་འགེངས་ཤོག་དེ་དྲ་ཐོག་ཏུ་བཀོད་ཡོད་འདུག

ཁོང་གིས་མུ་མཐུད་དུ་ཁོང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ལ་ཞིབ་བཤེར་སྟངས་འཛིན་བྱེད་མཁན་དག་ལ། ལོ་ཤས་རིང་ཁོང་ཚོར་དཀའ་ངལ་མང་པོ་སྤྲད་ཡོད་པས་དགོངས་དག་ཞུ་རྒྱུ་དང། མ་འོངས་པར་ཁོ་ཚོས་ལས་ཀ་གཞན་ལ་འཇུག་པའི་རེ་བ་ཡོད་སྐོར་སོགས་བྲིས་ཡོད་འདུག རྩ་དགོངས་ཀྱི་འགེངས་ཤོག་སྟེང་རྩ་དགོངས་ཞུ་དོན་ནི་ཁྱེད་རང་གི་མིང་འཁྱེར་མི་ཐུབ་པའི་རྐྱེན་ཞེས་བྲིས་ཡོད་འདུག དེ་ཡང་ཟླ་༢ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་གིས་བརྒྱུད་ལམ་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་ལ་རྒྱ་གཙང་མ་བྱེད་དགོས་པ་མ་ཟད། དམར་ཤོག་ཚོགས་པའི་མིང་དེ་ཁྱེར་དགོས་སྐོར་བཤད་ཡོད་པ་དེར་གོ་ཡི་ཡོད་འདུག

ཁོང་གི་གསལ་བསྒྲགས་དེ་དུས་ཚོད་ཏོག་ཙམ་རྗེས་དྲ་ཐོག་ནས་མེད་པར་ཆགས་ཡོད་འདུག

བྷི་བྷི་སིའི་གསར་འགོད་པས་ཁོང་ལ་བཅར་འདྲི་བྱས་པར་ཁོང་གིས་བཤད་འདོད་པ་ཚང་མ་དྲ་ཐོག་ཏུ་བཤད་ཟིན་སྐོར་ལས། གཞན་གང་ཡང་ལན་འདེབས་བྱས་མེད་པ་རེད་འདུག

ཉེ་བའི་ཆར་རྒྱ་གཞུང་གིས་བརྒྱུད་ལམ་ཁག་ཏུ་སྟངས་འཛིན་ཤུགས་ཆེན་བྱས་རྐྱེན་གསར་འགོད་པ་དང་རྩོམ་སྒྲིག་པ་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་མང་པོ་བྱུང་ཡོད་པ་རེད། དེ་ཡང་ཟླ་༣ པའི་ནང་སྲིད་འཛིན་ཞེ་ཅིན་ཕིང་རྩ་དགོངས་ཞུ་དགོས་པའི་ཡི་གེ་ཞིག་དྲ་ཐོག་ཏུ་བཏོན་པས། ཡི་གེ་དེ་དུས་ཚོད་ཏོག་ཙམ་རྗེས་སུ་བསུབ་ཡོད་ཀྱང། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཡི་གེ་དེ་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད་པ་རེད། གནས་ཚུལ་དེ་དང་འབྲེལ་ནས་བརྒྱུད་ལམ་ཁག་ལ་ལས་ཀ་བྱེད་མཁན་མི་༢༠ འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། དེ་བཞིན་ཕྱིའི་རྒྱལ་ཁབ་ཏུ་གནས་སྡོད་བྱེད་མཁན་རྒྱ་རིགས་གསར་འགོད་པ་ཞིག་དང་ཉམས་ཞིབ་པ་ཞིག་གི་ནང་མི་ཚོ་རྒྱ་ནག་ནང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༥༨ ཀློག་གྲངས།