བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་བའི་ནག་ཉེས་བཙུགས་ཡོད་འདུག

བོད་ཀྱི་ཚོང་པ་བཀྲ་ཤིས་དབང་ཕྱུག་ལ་རྒྱ་གཞུང་གིས་ཁ་བྲལ་རིང་ལུགས་ལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་བཙུགས་ཏེ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

140020142688520དེ་ཡང་ཟླ་འདིའི་ཚེས་༣༠ ཉིན་གྱི་ནེའུ་ཡོག་དུས་བབ་སྟེང་གནས་ཚུལ་སྤེལ་གསལ། ཁམས་སྐྱེ་རྒུ་མདོ་ལ་རྟེན་གཞི་བྱས་པའི་ལོ་ན་༣༠ ཡིན་པའི་བོད་ཀྱི་ཚོང་པ་བཀྲ་ཤིས་དབང་ཕྱུག་རྒྱ་གཞུང་གིས་ཟླ་༡ པོའི་ཚེས་༢༧ ཉིན་ཡུལ་ཤུལ་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག རྒྱ་ནག་གི་ཁྲིམས་ལུགས་ལྟར་ན། འཛིན་བཟུང་བྱས་པའི་མི་དེའི་ནང་མི་ལ་ཆུ་ཚོད་༢༤ ནང་ཚུད་ལ་བརྡ་ལན་སྤྲོད་དགོས་ཀྱི་ཡོད་འདུག་ཀྱང། ཁོང་གི་ནང་མི་ལ་ཁོང་གི་འཛིན་བཟུང་སྐོར་ཟླ་༣ པའི་ཚེས་༢༤ ལ་བརྡ་ལན་སྤྲད་ཡོད་འདུག

བཀྲ་ཤིས་དབང་ཕྱུག་གིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་སྟེང་དུ་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་དགོས་པ་དང། རྒྱ་གཞུང་འགོ་ཁྲིད་ཚོས་དེ་ལ་རམས་འདེགས་བྱེད་དགོས་སྐོར་བྲིས་ཡོད་འདུག དེ་བཞིན་ལོ་སྔོན་མའི་ནང་ཁོང་གིས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་སྲུང་སྐྱོབ་དགོས་སྐོར་བཀོད་པ་གཞིར་བཞག་ནས། ཡུལ་ཤུལ་དང་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཡིག་དེ་རྒྱ་ཡིག་བཞིན་བརྩི་མཐོང་དང་སློབ་ཁྲིད་བྱེད་པའི་ཆེད་དུ་ཞུ་གཏུགས་བྱས་པ་མ་ཟད། གནས་སྟངས་དེ་ལ་རྒྱབ་སྐྱོར་ཐོབ་ཆེད་དུ་ཁོང་པེ་ཅིང་དུ་ཞུ་གཏུགས་ཆེད་སོང་ནས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཡང་དེའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་སོགས་བྱས་ཡོད་པ་རེད། དེའི་སྐོར་གྱི་བརྙན་ཐུང་ཞིག་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པ་ཞིག་གིས་བཟོས་ནས་ཁྱབ་ཆེན་པོ་བྱུང་ཡོད་པ་རེད།

ཁོང་དང་ནང་མིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་དེ་སྔོན་ཡང་དུས་ཡུན་ཐུང་ངུའི་རིང་འཛིན་བཟུང་བཀག་ཉར་ཐེངས་གཉིས་བྱེད་མྱོང་ཡོད་འདུག དེ་ཡང་ཐེངས་ཅིག་རྒྱ་གར་ལ་འགྲོ་ཐབས་བྱས་རྐྱེན་དང། ཐེངས་ཅིག་ཕྱི་ལོ་༢༠༡༢ ལོར་ཁོང་གིས་ས་གནས་འགོ་ཁྲིད་ཀྱིས་ས་ཆ་བཙན་འཕྲོག་བྱས་པར་སྐྱོན་བརྗོད་བྱས་རྐྱེན་འཛིན་བཟུང་བྱས་ཡོད་འདུག

ཐེངས་འདིར་ཁོང་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་རིང་ལུགས་ལ་བརྒྱུད་སྐུལ་བྱས་པའི་ནག་ཉེས་བཙུགས་ཡོད་པ་དང་། དེ་ར་འཕྲོད་ཀྱི་ཐག་གཅོད་བྱུང་ཚེ་ལོ་༡༥ ཡི་བཙོན་འཇུག་ཁྲིམས་ཆད་ཕོག་སྲིད་སྐོར་གྱི་གནས་ཚུལ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༦༨ ཀློག་གྲངས།