ཚན་རིག་པ་ཞིག་ལ་རྗེས་དྲན།

 

དེ་ཡང་ཁོང་ནི་ཞིང་པ་དབུལ་པོ་ཞིག་གི་ཕྲུ་གུ་དཀྱུས་མ་ཞིག་ཡིན་ལ་རང་ཉིད་ཀྱི་བརྩོན་འགྲུས་དང་ཕུགས་བསམ་ལ་བརྟེན་ནས་འཛམ་གླིང་གི་རིག་པའི་ཁྱུ་མཆོག་ཅིག་ཏུ་གྱུར་པ་རེད། ཁོང་མ་སྐྱེས་པའི་ཟླ་བ་གསུམ་སྔོན་རོལ་ནས་ཕ་རྒན་འདས་གྲོངས་སུ་གྱུར་ནས་དྭ་ཕྲུག་ཏུ་ལུས། ལོ་གསུམ་ལ་སླེབས་སྐབས་ཨ་མའི་གཉེན་སྒྲིག་ཐེངས་གཉིས་པ་བྱས་ཀྱང་། མི་རིང་བར་ཕ་ཚབ་དེ་ཡང་འདས་ལྔ་ལམ་དུ་གྱུར།

དྲ་གྲོགས་ཚོ། ཁོང་ནི་ནུབ་ཕྱོགས་སུ་ཡོངས་སུ་གྲགས་པའི་སྐུ་ཞབས་ཨ་ཡེ་སཱག ནིའུ་ཊོན་མཆོག་རེད།

ཚན་རིག་པ་འདི་ལ་མཚོན་ན། ཆུང་དུས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དཀའ་སྡུག་ཧ་ཅང་འཕྲད་མྱོང་ཡོད་པ་མ་ཟད། སློབ་མཐར་མ་ཕྱིན་གོང་སློབ་གྲྭ་ནས་ཀྱང་ཕྱིར་འབུད་བཏང་ཡོད་སྐད། སྐབས་དེར་ཁོང་གི་ཁྱིམ་ཚང་ཉམས་ཐག་ཡིན་པས་ཨ་མའི་རེ་བ་ལྟར་ན། རང་གི་བུ་ཞིང་པ་ཞིག་བྱས་ནས་ཕ་རྒན་གྱི་རྒྱུན་འཛིན་བྱེད་རྒྱུ་དེ་རེད། འོན་ཀྱང་ཁོང་ཞིང་ལས་ལ་འདོད་མོས་རྩ་བ་ནས་མེད་ཀྱང་། མུ་མཐུད་སློབ་སྦྱོང་བྱས་ནས་མཐར་མཁས་པའི་རྩེ་མོར་སོན་ཅིང་། དབྱིན་ཡུལ་གྱི་མཐོ་རིམ་སློབ་གྲྭ་ཆེ་ཤོས་ཤིག་གི་སློབ་སྟོན་པར་གྱུར་པའི་ལོ་རྒྱུས་འདུག།

དེ་ལྟར་ཚན་རིག་པ་འདིས་འཛམ་གླིང་ནས་མཛད་རྗེས་གང་མང་ཞིག་འཇོག་གནང་ཡོད་མོད། དེང་སང་ཡང་འབྲེལ་བ་གཏིང་ཟབ་ཡོད་པ་ཁག་ཅིག་བརྗོད་ན་ཁོང་གིས་འཇིག་རྟེན་ཁམས་ཀྱི་འཐེན་ཤུགས་ཀྱི་རྣམ་གཞག་དང་། འགུལ་སྐྱོད་ཀྱི་གཏན་ཚིགས་མི་འདྲ་བ་གསུམ་སོགས་གསར་གཏོད་གནང་ཡོད་འདུག། དེ་བཞིན་ཁོང་གིས་རྒྱང་ཤེལ་ཞིག་གསར་བཟོ་བྱས་ནས་གནམ་རིག་པ་རྣམས་ལ་ཕན་རླབས་ཧ་ཅང་ཆེན་པོ་བྱུང་ཡོད་ཚོད་འདུག

ད་དུང་ཁོང་གིས་འཇའ་ཤེལ་ལ་གཞི་བཞག་ནས་ཁ་དོག་གི་རྣམ་གཞག་གསར་རྙེད་བྱུང་བ་དང་། དེ་བཞིན་ཁོང་གིས་དངོས་མྱོང་ལག་ལེན་ཐོག་དངོས་པོའི་ཚ་གྲང་ལ་བསྒྱུར་བ་གཏོང་ལུགས་ཀྱི་རིག་པ་གསར་པ་གཏན་ལ་ཕབས་པ་དང་། སྒྲ་ཡི་མྱུར་ཚད་ཐོག་ཞིབ་འཇུག་རྒྱ་ཆེར་བྱས་ཤིང་། རྩིས་རིག་ཀྱི་རྣམ་གཞག་གསར་པ་འགའ་ཡང་གཏན་འབེབས་གནང་འདུག

ཁོང་གི་ཚེ་སྨད་ལ་རྫས་ཀྱི་ནུས་སྟོབས་ཐོག་ལའང་ཞིབ་འཇུག་གནང་ནས་དོགས་སློང་དང་གསར་གཏོད་ཀྱི་ལམ་དུ་ཞུགས་པ་སོགས། མདོར་ན་ཁོང་གིས་ཚན་རིག་གི་འཕེལ་རིམ་ཁྲོད་འགྲོ་བ་མིའི་རིག་གནས་ལ་ལེགས་སྐྱེས་འབུལ་མཁན་གྱི་སྐྱེས་མཆོག་དམ་པ་ཞིག་ཡིན་པ་རེད།

བྱས་ཙང་ངས་བརྗོད་འདོད་གཙོ་བོ་ནི། ང་ཚོས་སློབ་སྦྱོང་བྱེད་སྟངས་ཐད་ཁོང་ལ་དཔེ་ལྟས་ཀྱང་མི་ཆོག་པ་མེད་སྙམ།
མཐའ་དོན་དེར་ཁོང་གི་འཁྲུངས་སྐར་ཉིན་འདིར། ཁོང་གི་གསར་གཏོད་ཀྱི་མཛད་རླབས་དང་འབད་བརྩོན་གྱི་སྙིང་སྟོབས་ལ་གུས་པས་རྗེས་དྲན་ཞུ།།

.

Share this:
༡༨༠ ཀློག་གྲངས།