བོད་ཀྱི་གསོ་བ་རིག་པ་ཞེས་ཡིག་ཐོག་འཁོད་མེད།

ཟླ་འདིའི་ཚེས་༥ ཉིན་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་གཞུང་སྨན་རྩིས་ཁང་དུ་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་དྲུག་འཁོར་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་མཆོག་ཕེབས་ཡོད་པ་རེད།
དེར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་རམས་པ་ཐོགས་མེད་དཔལ་འབྱོར་གྱིས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་དོན། ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཞལ་བཞེས་གནང་ནས། སྔ་ལོའི་ཟླ་༣ ནང་གནས་ཆུང་དགོན་པར་གཡུ་ཐོག་སྙིང་ཐིག་གི་ལྗགས་ལུང་དང། སྨན་བླའི་ཚེ་དབང་སོགས་གནང་བ་དེར་བོད་སྨན་དང་འབྲེལ་བའི་ལས་ཀ་བྱེད་མཁན་རྣམས་ལ་སྐལ་བཟང་གི་གོ་སྐབས་ཤིག་ཐོབ་ཡོད་ཅེས་དང། ཡང་སྔ་ལོའི་ཕྱི་ཟླ་༣ པའི་ནང་སྨན་རྩིས་ཁང་དུ་གསོ་རིག་གི་སློབ་ཚན་སྒྱུར་བཅོས་སོགས་ཀྱི་སྐོར་ལ་རིག་གཞུང་དང་ཤེས་ཡོན་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་༢༠ ཙམ་གྱིས་ཉིན་གཉིས་རིང་ཚོགས་འདུ་འཚོགས་ནས་གོ་བསྡུར་བྱས་རྗེས་སྨན་པ་བཀའ་བཅུ་པའི་ལོ་ལྔའི་སློབ་ཚན་རགས་ཟིན་ཐོག་གཏན་འབེབས་གནང་གཏན་ཁེལ་ཡོད། གསོ་རིག་གི་བསྟན་པའི་ཆེད་དུ་བྱས་རྗེས་གཟེངས་སུ་ཐོན་མཁན་རྣམས་ལ་གཟེངས་བསྟོད་འབུལ་རྒྱུའི་ཐག་གཅོད་བྱུང་བ་དེ་ནི། གསོ་རིག་གི་ལས་ཀ་བྱེད་མཁན་རྣམས་སེམས་ཤུགས་བསྐྲུན་པའི་ཆ་རྐྱེན་ཞིག་ཡིན་ཞེས་དང། རྡོར་གླིང་ལྕགས་པོ་རི་དྲན་བརྟེན་བོད་སྨན་སློབ་གཉེར་ཁང་དུ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་འབྲུ་དོན་ལྟར་སྨན་པ་བཀའ་བཅུ་པའི་སློབ་གཉེར་ཁང་ཚད་ལྡན་ཞིག་ཏུ་ལོ་གསུམ་རིང་འཕྲལ་སེལ་ཁྲིམས་མཐུན་དེབ་སྐྱེལ་བྱས། དེ་རྗེས་རྟོག་ཞིབ་ཚོགས་ཆུང་གིས་རྟོག་ཞིབ་བྱས་པ་བརྒྱུད། སླར་ཡང་༢༠༠༩ ཟླ་༩ པ་ནས་༢༠༡༡ བར་ལོ་གཉིས་རིང་འཕྲལ་སེལ་ཁྲིམས་མཐུན་དེབ་སྐྱེལ་འཕར་འགྱངས་བྱས་ཡོད། ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པ་ཞེས་རྒྱ་གར་གཞུང་གིས་ཁྲིམས་མཐུན་ངོས་ལེན་དགོས་སྐོར་གྱི་སྙན་ཐོ་རིམ་པར་ཕུལ་རྗེས། རྒྱ་གར་གཞུང་གིས་དེའི་ཐད་ཚོགས་ཆུང་ཟུར་འཛུགས་ཀྱི་རྟོག་ཞིབ་བྱས་རྗེས་སྙན་ཐོ་ཤོག་གྲངས་༤༢༥ བྱས་པ་ཞིག་༢༠༠༨ ལོར་རྒྱ་གར་གཞུང་ལ་ཕུལ་སྐབས། ཆེས་མཐོའི་སྨན་པའི་ལྷན་ཚོགས་ལ་སྙན་ཐོའི་ངོ་འདྲ་ཞིག་གནང་བའི་ནང། བོད་ཀྱི་གསོ་བ་རིག་པ་ཞེས་འཁོད་མེད་ཀྱང་ཧི་མ་ལ་ཡའི་ཁུལ་གྱི་གསོ་བ་རིག་ཞིག་ཡིན་ཚུལ་དང་དེའི་འབྱུང་ཁུངས་བོད་ཡིན་ཚུལ་སོགས་འཁོད་ཡོད་ཅེས་སོགས་སྙན་སྒྲོན་ཞུས་སོང།manpai lhantsok-2
དེ་རྗེས་བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་དོན། གསོ་བ་རིག་པའི་སྙན་གྲགས་ཀྱི་འོད་སྣང་དེ་གང་སར་ཁྱབ་བཞིན་པ་རེད། གསོ་བ་རིག་པའི་སྨན་སྦྱོར་ཚད་ལྡན་མ་བྱུང་བ་དང། རང་བདེ་དོན་གཉེར་ཅན་རེ་ཟུང་གིས་གསོ་བ་རིག་པའི་སྙན་གྲགས་བེད་སྤྱོད་བྱས་ནས་བོད་སྨན་གྱི་སྙན་གྲགས་ཉམས་གུད་འགྲོ་བའི་རྒྱུ་རྐྱེན་དུ་འགྲོ་སྲིད་པ་ཞིག་ཡིན་པས། དེ་འདྲ་མི་ཡོང་བའི་དོན་དུ་སྨན་པའི་ལྷན་ཚོགས་ཡོང་ཡོད་རེད་ལ། སྨན་གྱི་ནུས་པ་བྱེ་བྲག་པ་ཞིག་བེད་སྤྱོད་ཀྱིས་ནད་བྱེ་བྲག་པ་ཞིག་ལ་སྐབས་འཕྲལ་ཕན་གྱི་ཡོད་པའི་རྣམ་འགྱུར་ཐོན་ཆེད། སྨན་རྒྱུ་གང་བྱུང་བེད་སྤྱོད་བྱེད་པ་དེ་འདྲ་ཡོང་མི་སྲིད་པའང་མིན་པས། དེ་དག་ལ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་དོ་སྣང་དང་སྟངས་འཛིན་ནན་པོ་གནང་རྒྱུ་དང། ཐུགས་འགན་བཞེས་ཕྱོགས་ཀྱི་ཐོག་ལ་གོ་རིམ་མ་འཛོལ་བ་ཞིག་གནང་དགོས་པ་དེ་གནད་འགག་ཆེན་པོ་རེད་ཅེས་དང། བོད་ཀྱི་གསོ་རིག་དེ་རྒྱ་གར་གཞུང་གིས་ངོས་ལེན་ཡོང་བའི་གོམ་པ་དང་པོ་དེ་བརྒྱབ་ཚར་བ་རེད། དེ་ཧ་ཅང་གནད་འགག་ཅན་ཞིག་ཡིན་པས་སྨན་པའི་ལྷན་ཚོགས་དང་སྨན་རྩིས་ཁང་སོགས་ཀྱིས་ཐུགས་ཁུར་གནང་བར་ངས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་གསོ་རིག་ཅེས་ངོས་འཛིན་མ་གནང་ཡང་གསོ་བ་རིག་པ་དེ་ངོས་འཛིན་གནང་བ་དེར་དགའ་བ་སྒོམ་ན་ཕལ་ཆེར་མི་མཐུན་པ་མེད་པ་ལྟ་བུ་རེད། བོད་ཡུལ་གྱི་མིང་དེ་འཐོབ་པའི་ཆེད་ང་ཚོས་སེམས་ཚོར་གྱི་བདེ་སྡུག་ཆེ་དྲགས་པ་ཡིན་ན་འགལ་རྐྱེན་དུ་འགྲོ་སྲིད་པ་ཡིན་པས་དོ་སྣང་བྱེད་དགོས་པ་ཞིག་རེད། གསོ་རིག་དེ་ནི་མི་རྣམས་ལ་ཕན་པ་བསྐྲུན་མཁན་ཞིག་ཡིན་པས་དེའི་ཐད་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་བྱེད་ངེས་རེད་ཅེས་སོགས་ལམ་སྟོན་གསུང་བཤད་གནང་སོང།
མཐར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་སྨན་རམས་པ་ཆོས་ལོ་ཐར་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང། དེ་རྗེས་སྨན་རྩིས་བསྟན་རྒྱས་སྨོན་ལམ་བཏོན་ནས་མཛད་སྒོ་ལེགས་འགྲུབ་བྱུང་ཡོད་པ་རེད།།

Share this:
༥༤ ཀློག་གྲངས།