སྤྲུལ་སྐུའི་ཆོ་ལོ་བཙོང་པའི་ཚོང་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༨༨ ཕྱི་ལོ་ ༢༠༡༦/༣/༣༠
ཉེ་བའི་ཆར་རྒྱ་གཞུང་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་གཞོན་པ་ཟུར་བ་དང། མི་རིགས་དང་ཆོས་ལུགས་སྡེ་ཚན་གྱི་འགན་འཛིན། ཕྱི་ལོ་༢༠༠༢ ལོ་ནས་བཟུང་ནས་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་སྔ་རྗེས་སུ་ཐུག་འཕྲད་བྱེད་ཡུལ་ཀྲུའུ་ཝེ་ཆོན་གྱིས་སྤྲུལ་སྐུའི་དཔང་ཡིག་བཙོང་ནས་ལྐོག་ཟ་རུལ་སུངས་བྱས་པའི་གནས་ཚུལ་འོག རྒྱ་གཞུང་གིས་ཁོ་པར་ཞིབ་བཤེར་བྱ་རྒྱུའི་འགོ་འཛུགས་བྱས་ཡོད་ཚུལ་རྒྱ་ནག་གི་ཕྱི་ལོགས་སུ་ཡོད་པའི་པའོ་ཞུན་དྲ་བས་ཕྱི་ཟླ་༣ ཚེས་༢༧ ཉིན་གནས་ཚུལ་སྤེལ་ཡོད་པ་རེད། ཀྲུའུ་ཝེ་ཆོན་ནི་བོད་ཀྱི་གནད་དོན་ཐོག་ལ་འཁྱོག་བཤད་བྱེད་མཁན་གཙོ་བོ་དང། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དུས་ནས་དུས་སུ་མཚན་སྨོད་སྐུར་འདེབས་བྱེད་མཁན་གཙོ་བོ་དེ་རེད། སྤྱིར་ཀྲུའུ་ཝེ་ཆོན་གྱིས་རྒྱ་གཞུང་གི་སྲིད་བྱུས་དང་མི་མཐུན་པ་ཞིག་བཤད་སའི་ཁོར་ཡུག་མེད་ནའང། ཀྲུའུ་ཝེ་ཆོན་ནི་སྔ་རྗེས་སུ་བོད་དོན་ལ་མཁྲེགས་འཛིན་བྱེད་མཁན་དཔུང་ཁག་གི་མི་སྣ་གཙོ་གྲས་ཤིག་ཡིན་པ་དེ་ཧ་ཅང་གསལ་པོ་རེད།

ད་ལན་ཁོ་པར་ཞིབ་བཤེར་བྱེད་བཞིན་པའི་གནད་དོན་འདིའི་ཐོག་ནས་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན་མིན་བཤད་དཀའ་ཡང། བོད་དོན་ལ་མཁྲེགས་འཛིན་བྱེད་མཁན་གྱི་མི་སྣ་གཙོ་གྲས་ཤིག་ཁྲིམས་ཀྱི་དྲ་བར་ཚུད་པ་ཞིག་ཡིན་པས། མཁྲེགས་འཛིན་ཤོག་ཁག་ལ་བརྡ་ལན་གསལ་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་ངེས་རེད། རྒྱ་ནག་དམར་ཤོག་གི་དབང་འཛིན་པ་ཆེ་གྲས་ཀྱི་ནང་ནས་བོད་དོན་ཐག་གཅོད་བྱེད་པའི་བློ་ཁོག་ཡོད་པའི་དབང་དུ་བཏང་ན། ཐོག་མ་གཤམ་འོག་གི་འགལ་རྐྱེན་བཟོ་མཁན་དག་རྩ་མེད་བཟོ་དགོས་པ་འདི་ཡང་གལ་ཆེན་པོར་གྱུར་ཡོད། འོན་ཀྱང་བོད་རེ་བས་ཕོངས་ཞེས་པའི་དཔེ་ལྟར་གནད་དོན་འདི་ཡང་བོད་དོན་དང་འབྲེལ་བ་ཡོད་པ་ཞིག་མ་ཡིན་པར་ནང་ཁུལ་གྱི་དབང་ཆའི་འཐབ་རྩོད་ཀྱི་ཤོག་ཁག་དབར་གྱི་འགལ་ཟླ་དེ། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་གྱི་རྣམ་པའི་ཐོག་ནས་གཏོར་ཕམ་གཏོང་རྒྱུའི་ལས་རིམ་ཞིག་ཏུ་ངོས་འཛིན་བྱས་ན་འོས་འཚམ་དུ་གྱུར་ཡོད།

དོན་དངོས་ཐོག་སྐད་གྲགས་ཅན་གྱི་སྤྲུལ་རྫུན་མ་ཝུ་ཏཱ་རཱོང་དང། ཁོ་པས་རྫུན་བཟོ་བྱས་པའི་སྤྲུལ་རྫུན་ཀྲང་ཐའེ་ལི་གཉིས་ལ་ཀྲུའུ་ཝེ་ཆོན་དང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། གོང་ཆེན་པོ་བྱས་ནས་སྤྲུལ་སྐུའི་ཆོག་མཆན་ཉོས་པ་ཞིག་ཡིན་འདུག་པ་དང། ཉེ་སྔོན་ཝུ་ཏཱ་རཱོང་དང། ཀྲང་ཐའེ་ལི་གཉིས་ཀྱི་འཁྲབ་སྟོན་དེའི་སྐབས་སུ་ཡང་ཀྲུའུ་ཝེ་ཆོན་དང། ཡེ་ཞའོ་ཝན་གཉིས་ཀྱིས་བོད་དོན་དང་ཁ་བྲལ་ལ་ཁ་གཡར་ནས་ཚིག་ངན་སྣ་ཚོགས་སྨྲས་པ་ལས། དོན་དངོས་སུ་སྤྲུལ་རྫུན་བཟོ་མཁན་ངོ་མ་དང་དེ་ལ་གཞུང་འབྲེལ་གྱིས་ཆོག་མཆན་སྤྲོད་མཁན་ཁོ་པ་ཡིན་པའི་དོན་དངོས་སྦས་འགེབས་ཀྱི་ཆེད་དུ་བོད་བརྒྱུད་ནང་བསྟན་གྱི་སྐོར་ལ་མདུང་རྩེ་ཐད་ཀར་གཏད་ཡོད། ད་ལན་ཀྲུའུ་ཝེ་ཆོན་ལ་གནས་ཚུལ་དེ་ལྟ་བུ་བྱུང་བ་ནི་ཁོ་པས་སྔོན་ཚུད་ནས་ཚོད་དཔག་བྱས་ཡོད་ངེས་ཤིང། སྤྲུལ་རྫུན་གྱི་ཆོ་ལོ་བཙོང་པའི་གནད་དོན་དེ་བོད་དོན་འཐབ་རྩོད་དང་ཁ་བྲལ་གྱི་གནད་དོན་ལ་ཁ་བསྒྱུར་ཐུབ་ན་ཁོ་རང་གི་གནད་དོན་དེར་གནས་སྐབས་རིང་ལག་པ་མི་འཆང་བའི་རེ་བ་བརྒྱབ་པ་རེད།

ཁྲོམ་ར་ཡོད་ན་གང་ཡིན་ཡང་བཙོང་ངེས་པའི་མི་རིགས་ཤིག་དང། དབང་བསྒྱུར་བྱེད་ཐུབ་ན་ཤ་ཚ་སྙིང་རྗེ་དང་ཡ་རབས་བཟང་སྤྱོད་ཀྱི་དྲི་མ་ཙམ་ཡང་མེད་པའི་སྲིད་གཞུང་ཞིག་གི་ངོས་ནས་བླ་སྤྲུལ་གྱི་ཆོ་ལོ་བཙོང་པ་འདི་ཡང་དོན་གྱིས་ཧང་སངས་དགོས་པ་ཞིག་གཏན་ནས་མིན་པ་དང། གནད་དོན་འདིའི་ཐད་ལ་རྒྱ་གཞུང་གིས་ལག་པ་འཆང་བ་དེ་ཡང་དེ་བས་ཧང་སངས་དགོས་པའི་གནད་དོན་ཞིག་གཏན་ནས་མིན། ཀྲུའུ་ཝེ་ཆོན་ནི་རྒྱ་གཞུང་གི་ཆེས་མཐོའི་དཔོན་རིགས་གྲས་ཤིག་མིན་ནའང། ཁེ་ཕན་རིང་ལུགས་ཀྱི་ཤོག་ཁག་མི་འདྲ་བའི་ཐོག་ནས་ཞི་ཅིན་ཕིན་གྱི་ཕྱོགས་ཁག་གི་མི་སྣ་མིན་པ་དེ་གསལ་པོར་གྱུར་པ་རེད། རྒྱ་གཞུང་གི་དཔོན་རིགས་ཀྱི་ནང་དུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ནས་གནས་ཚུལ་གཞན་དག་མང་པོ་ཡོད་ཀྱང། ཞི་ཡི་ཁ་གཏད་ཤོག་ཁག་གི་མི་སྣ་རྣམས་ལས་གཞན་ལ་ལག་པ་དེ་ཙམ་འཆང་གི་མེད། ད་ལན་གནད་དོན་འདི་ཡང་གནས་ལུགས་དེ་དང་འགྲོ་སྟངས་དེ་ལས་རེ་བ་གསར་ཞིག་གང་ཡང་མེད།

མདོར་ན་ད་ཆ་རྒྱ་གཞུང་གི་དཔོན་རིགས་ནང་ཁུལ་འགལ་ཟླ་ཧ་ཅང་ཆེ་ཞིང། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཚ་རླབས་ཧ་ཅང་ཆེ་བ་མ་ཟད། ཉེ་ཆར་ཞི་ཅིན་ཕེན་དགོངས་པ་ཞུ་དགོས་པའི་ཡོངས་ཁྱབ་ཡིག་ཆ་ཡང་འགྲེམས་སྤེལ་བྱས་ཡོད། ད་དུང་དཔལ་འབྱོར་ཐོག་ནས་ཀྱང་ཉམས་གུད་དུ་འགྲོ་བཞིན་ཡོད་ཅིང། དམ་དྲག་དང་བཙན་གནོན་འོག་ཏུ་མི་རིགས་མང་པོ་ཞིག་ལ་དཀའ་ངལ་སྤྲོད་བཞིན་ཡོད་པ་སོགས་གནས་སྟངས་གང་ཐད་ནས་རྒྱ་ནག་ནང་ཡོ་འཁྱོམ་ཆེན་པོ་ཞིག་འགྲོ་རྒྱུའི་རྟགས་མཚན་མང་པོ་ཡོད། གོ་སྐབས་འདི་བོད་པའི་ངོས་ནས་དམ་འཛིན་བྱེད་ཐུབ་དགོས་པ་དང། ལྷག་པར་དུ་དེ་དང་འདྲ་བའི་གྲ་སྒྲིག་འཐུས་ཚང་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། དེར་བརྟེན་བོད་པའི་ངོས་ནས་དོ་སྣང་ངེས་པར་དུ་བྱེད་དགོས་ལ། ཀྲུའུ་ཝེ་ཆོན་གྱི་གནད་དོན་ནི་བོད་དོན་དང་འབྲེལ་བའི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་གང་ཡང་མིན་མོད། བོད་མི་རིགས་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་ལ་སྡང་ཟུག་ཧ་ཅང་ཆེ་བའི་དཔོན་རིགས་ཤིག་ཡིན་སྟབས་ཁོ་ལ་བར་ཆད་བྱུང་བ་ནི་བོད་པའི་ངོས་ནས་དགའ་སྣང་མི་སྐྱེ་བ་ག་ལ་སྲིད།།

Share this:
༡༠༩ ཀློག་གྲངས།