ཕཱ་ན་མཱ་ཡིག་ཆ་ཡིས་འཛམ་གླིང་གི་འགོ་ཁྲིད་མང་པོའི་གསང་བ་ཕྱིར་བསྒྲགས་པ།

235875545རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ནང་མི་དང། དམར་ཤོག་ཚོགས་པའི་འགོ་ཁྲིད་གཉིས་ཀྱི་ནང་མིས་དངུལ་འབོར་ཆེན་པོ་གསང་བའི་ཐོག་ནས་ཕྱིའི་རྒྱལ་ཁབ་ཁག་ལ་ཚོང་ལས་ཁང་བརྒྱུད་སྦས་ཡོད་པའི་གནས་ཚུལ་ཐོན་འདུག


དེ་ཡང་ཟླ་འདིའི་ཚེས་༣ ཉིན་རྒྱལ་སྤྱིའི་གསར་འགོད་རྟོག་ཞིབ་ཚོགས་པས། ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་པ་ན་མའི་ཚོང་ལས་ཁང་མཱོ་སེག་གི་ཡིག་ཆ་ས་ཡ་༡༡.༥ ཙམ་གྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ནང་། འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་ཚོང་པ་གྲུབ་འབྲས་ཅན། དེ་བཞིན་གློག་བརྙན་འཁྲབ་སྟོན་པ་སོགས་ཀྱིས་དངུལ་འབོར་ཐེར་འབུམ་མང་པོ་གསང་བའི་ཐོག་ནས་ཕྱིའི་རྒྱལ་ཁབ་ཁག་གི་ནང་དུ་བཞག་ཡོད་པའི་གནས་ཚུལ་ར་སྤྲོད་བྱུང་པར་རྙོག་གླེང་ཆེན་པོ་བྱུང་བཞིན་ཡོད་ཁར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྤུན་མཆེད་དང་ནང་མིའི་མིང་ཐོ་ཡང་ཡིག་ཆ་དེའི་ནང་ཐོན་ཡོད་ཀྱང་། རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ནང་རྒྱ་ནག་གི་འགོ་ཁྲིད་ཀྱི་མིང་བཀོད་མེད་པ་དང་། དྲ་ལམ་ཁག་ཏུའང་གནས་ཚུལ་དེའི་རིགས་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་བཅར་འདྲི་ལ་ལན་འདེབས་བྱས་མེད་པ་རེད།

དེ་བཞིན་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་དང་ཚོང་པ་སོགས་མི་༥༠༠ ལྷག་གི་མིང་ཡང་ཡིག་ཆ་དེ་དག་ཐོན་ཡོད།

གསང་བ་ཕྱིར་གྱར་པའི་ཡིག་ཆ་དེ་བརྒྱུད། རྒྱ་ནག་གཙོས་པའི་རྒྱལ་ཁབ་མང་པོའི་འགོ་ཁྲིད་སོགས་ཀྱིས་དངུལ་འབོར་ཆེན་པོ་སྦས་ཡོད་པ་དང། དེ་ཡང་དཔྱ་ཁྲལ་སྤྲོད་མི་དགོས་པ་དང་རང་ཉིད་ཀྱི་དངུལ་འབོར་ཆེན་པོའི་ཡོང་ཁུངས་མི་གསལ་བའི་ཆེད་དུ་ཡིན་པས། རྒྱལ་ཁབ་མང་པོ་ཞིག་གི་དཔལ་འབྱོར་གྱི་ཁྲིམས་དང་འགལ་གྱི་ཡོད་པ་རེད།

ཡིག་ཆ་དེར་འཛམ་གླིང་གསར་ཁང་༡༠༠ ལྷག་གི་གསར་འགོད་པས་རྟོག་ཞིབ་བྱས་ནས་ཕྱིར་བསྒྲགས་བྱས་ཡོད་པ་དང། ཡིག་ཆ་དེ་དག་ཐོག་མར་འཇར་མན་གྱི་གསར་ཁང་ཞིག་ལ་རག་ཡོད་འདུག་ཀྱང་། ཡིག་ཆ་དེ་དག་མཁོ་སྤྲོད་བྱེད་མཁན་སུ་ཡིན་གསང་བ་བྱས་ཡོད་པ་རེད།

ཚོང་ལས་ཁང་དེས་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་ཚོང་པ་སོགས་ཀྱི་དངུལ་འབོར་ཡོང་ཁུངས་གཙང་མ་བཟོ་ཡི་ཡོད་པ་མ་ཟད། གསང་བའི་ངང་དངུལ་འབོར་དེ་དག་སྦས་ནས་དངུལ་གྱི་བདག་པོ་ཚོས་དཔྱ་ཁྲལ་ལ་གཡོལ་ཐབས་བྱེད་ཀྱི་ཡོད། ཚོང་ལས་ཁང་དེས་ལོ་༤༠ ཡི་རིང་ཁོང་ཚོས་ལས་ཀ་དེ་འདྲའི་རིགས་བྱས་ནས་ཡོང་པ་དང་། ད་བར་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་མྱོང་མེད་སྐོར་འགྲེལ་བརྗོད་བྱས་འདུག

ཡིག་ཆ་དེའི་ནང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱི་གྲོགས་པོ་ཉེ་ཤོས་ཤིག་གིས་ཚོང་ལས་ཁང་དེ་བརྒྱུད་ནས་ཨ་སྒོར་ཐེར་འབུམ་ཁ་ཤས་ཀྱི་ཡོང་ཁུངས་གཙང་བཟོ་བྱས་སྐོར་པའི་སྐོར་གྱི་གནས་ཚུལ་འཁོད་ཡོད་པ་དང་། དེ་བཞིན་ཡུ་རོབ་ཀྱི་ཨེ་སི་ལན་ཌིའི་སྲིད་བློན་གྱིས་ཁོང་དེ་སྔར་ཕྱི་ལོ་༢༠༠༩ ལོར་གྲོས་ཚོགས་འཐུས་མིར་ལངས་སྐབས་སུ། ཁོང་གིས་ཕྱིའི་རྒྱལ་ཁབ་ཏུ་རང་ཉིད་ལ་དབང་བའི་ཚོང་ལས་སྡེ་ཚན་ཞིག་ཡོད་པའི་གསལ་བསྒྲགས་བྱས་མེད་ཁར། ཡིག་ཆ་དེ་བརྒྱུད་ནས་ཁོང་ལ་དངུལ་ས་ཡ་མང་པོ་སྦས་ཡོད་པའི་དོགས་གཞི་བྱུང་བར་བརྟེན། ཟླ་འདིའི་ཚེས་༦ ཉིན་ཁོང་གིས་སྲིད་བློན་ལས་གནས་ནས་དགོངས་པ་མི་ཞུ་ཐབས་མེད་བྱུང་འདུག

དཔྱད་ཞིབ་པ་མང་པོ་ཞིག་གིས་རིམ་པས་རྒྱལ་ཁབ་མང་པོའི་ནང་ཡིག་ཆ་དེ་དག་གིས་རྐྱེན་པས་འགོ་ཁྲིད་དང་ཚོང་པ་སོགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང། དཔྱ་ཁྲལ་གྱི་འགན་ལས་གཡོལ་བ་སོགས་ཀྱི་ནག་ཉེས་ཕོག་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

གསར་འགོད་པ་སྐལ་བཟང་དོན་འགྲུབ།

Share this:
༩༥ ཀློག་གྲངས།