རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་སུད་ཚོང་ཚོགས་པའི་འགན་འཛིན་ལྷན་ཚོགས།

ད་ལྟའི་ཆར་སུད་ཚོང་གི་ས་གནས་ཁག་༡༤༦ ནས་ཚོགས་མི་༣༣༠༠ ལྷག་ཡོད་སྐོར་། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་་སུད་ཚོང་ཚོགས་པའི་ཚོགས་གཙོ་ཀརྨ་དགེ་ལགས་ཀྱི་གསུངས་སོང་།

12939443_10209481349295724_1906058232_nདེ་ཡང་ཟླ་འདིའི་ཚེས་༦ ཉིནརྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་སུད་ཚོང་ཚོགས་པའི་སྐབས་གསུམ་པའི་འགན་འཛིན་ལྷན་ཚོགས་དབུ་འབྱེད་མཛད་སྒོ་དེ། དྷ་ས་མེག་གྷན་དབུས་གཙང་ཚོགས་ཁང་དུ་འཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་དང་། ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དངོས་གྲུབ་འོད་ཟེར། དྷ་ས་ས་འཐུས་ཚོགས་གཙོ་ངག་དབང་ཐར་པ། དྷ་ས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཚེ་རིང་རྣམ་རྒྱལ་གྱི་གཙོས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་༤༠ ལྷག་མཉམ་ཞུགས་བྱས་འདུག

ཐོག་མར་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་གཏོང་རྗེས། རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱི་རྒྱལ་ཞེན་སྙིང་སྟོབས་ལ་གུས་བརྩི་དང་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་རྗེས་དྲན་མྱ་ངན་གུས་འདུད་ཞུས་སོང་།

སུད་ཚོང་ཚོགས་པའི་ཚོགས་གཙོ་ཀརྨ་དགེ་ལེགས་ཀྱིས། བཙན་བྱོལ་བོད་མིའི་སུད་ཚོང་ཚོགས་པའི་བྱུང་རིམ་དང་ལས་བསྡོམས་ངོ་སྤྲོད་གནང་དོན། ང་ཚོ་སུད་ཚོང་ཚོགས་པ་འཛུགས་རྒྱུ་འདི་དཔལ་ལྡན་བཀའ་ཤག་གི་ལམ་སྟོན་གཞིར་བཟུང་གསར་འཛུགས་བྱས་པ་ཞིག་རེད་ལ། དེ་ཡང་སུད་ཚོང་ཚོགས་པ་འཛུགས་ཐུབ་ནས་སུད་ཚོང་བ་རྣམས་ཀྱི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པ་མ་ཟད། གཞུང་ངོས་ནས་མར་འབྲེལ་བ་གནང་བདེ་ཡོང་བ་བཅས་དགོས་པ་མང་པོ་ཡོད་རེད། ལུ་དྷི་ཨ་ན་སུད་ཚོང་གི་ལས་ཁུངས་གཙོ་བོ་སྒོ་འབྱེད་བྱེད་ཐུབ་པར་དཔལ་འབྱོར་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་རེད། ད་ལྟའི་ཆར་སུད་ཚོང་གི་ས་གནས་ཁག་༡༤༦ ནས་ཚོགས་མི་༣༣༠༠ ལྷག་ཡོད་སྐོར་དང་། དེ་བཞིན་སུད་ཚོང་ཚོགས་པ་འདི་དེབ་སྐྱེལ་བྱས་ཟིན་པ་མ་ཟད། ཚོགས་མི་ནང་ཁུལ་དཀའ་ངལ་མི་འཕྲད་ཆེད་དུ། ལག་འཁྱེར་ནང་RC ཨང་གྲངས་དང་རང་བཙན་ལག་དེབ་ཀྱི་ཨང་། སྐྱེས་ཚེས་བཅས་འཁོད་པའི་ཚོགས་མིའི་ངོ་སྤྲོད་ལག་འཁྱེར་བཟོས་ཡོད་ཅེས་སོགས་འགྲེལ་བརྗོད་གནང་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། འདས་པའི་ལོ་དེ་དག་གི་རིང་ལ་ཁྱེད་རྣམ་པས་ཡག་ཐག་ཆོད་གནང་འདུག མ་འོངས་པར་སུད་ཚོང་གི་ཚོང་པ་ཡོངས་རྫོགས་ཚོགས་མིར་ཞུགས་ཐུབ་ཐབས་དགོས་སྐོར་དང་། དཔལ་འབྱོར་ལས་ཁུངས་ནས་ད་བར་མཐུན་རྐྱེན་སྦྱར་ཡོད་ལ་མ་འོངས་པར་གང་དགོས་མཐུན་སྦྱོར་བྱེད་རྒྱུ་ཡིན་ཞེས་གསུང་སོང་། མཐར་སུད་ཚོང་ཚོགས་པའི་ཚོགས་གཞོན་གྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་རྗེས་མཛད་སྒོ་གྲོལ་སོང་།།

Share this:
༣༨༥ ཀློག་གྲངས།