ལུས་འབྲེལ་ཆེད་དངུལ་སྤྲོད་མི་ཆོག་པའི་ཁྲིམས་གསར།

ཡུ་རོབ་ཧྤ་རན་སིའི་གྲོས་ཚོགས་ཀྱིས་ལུང་པ་དེའི་ནང་ལུས་འབྲེལ་ཆེད་དངུལ་སྤྲད་ན་ཁྲིམས་འགལ་ཡིན་པའི་ཁྲིམས་གསར་པ་གཏན་ལ་ཕབ་འདུག

455206407ooདེ་ཡང་ཟླ་འདིའི་ཚེས་༦ ཉིན་ཧྤ་རན་སིའི་གྲོས་ཚོགས་ཀྱིས་སྨད་ཚོང་མ་བྱེད་མི་ཆོག་པའི་ཁྲིམས་བཟོས་མེད་ཀྱང། ལུས་འབྲེལ་ཆེད་དངུལ་སྤྲད་མཁན་དག་ལ་ཐེངས་དང་པོར་ཉེས་ཆད་ཨ་སྒོར་༤,༢༧༤ དང་ཐེངས་གཉིས་པར་ཉེས་ཆེད་ཉིས་ལྡབ་ཡོད་པའི་ཁྲིམས་གསར་བཟོས་འདུག་པ་དང། དེ་བཞིན་ཉེས་ཅན་པ་དེ་ཚོ་སྨད་ཚོང་མ་ཚོའི་དཀའ་ངལ་དང་གནས་སྟངས་ཤེས་ཆེད་ཟབ་སྦྱོང་ལ་འགྲོ་དགོས་པ་ཡང་བཟོས་འདུག

རྩོད་རྙོག་ཅན་གྱི་ཁྲིམས་དེ་གཏན་འབེབ་བྱེད་པར་གྲོས་ཚོགས་གོང་འོག་གཉིས་ཁྲིམས་དེའི་ཐད་མ་མཐུན་པའི་རྐྱེན་གྱིས་ལོ་གཉིས་འགོར་ཡོད་འདུག

པེ་རི་སིར་གྲོས་ཚོགས་ཀྱི་མདུན་དུ་སྨད་ཚོང་མ་༦༠ ཙམ་གྱིས་ཁྲིམས་གསར་པ་དེར་ངོ་རྒོལ་བྱས་ཡོད་འདུག སྨད་ཚོང་མའི་སྐྱིད་སྡུག་གིས་ཁྲིམས་གསར་དེས་སྨད་ཚོང་མ་༣༠,༠༠༠ ནས་༤༠,༠༠༠ བར་ལ་འཚོ་བའི་ཐད་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

ཁྲིམས་གསར་དེ་གྲོས་ཆོད་བཏོན་མཁན་གྲོས་ཚོགས་འཐུས་མི་དེས་ཧྤ་རན་སིའི་ནང་ལ་སྨད་ཚོང་མ་བརྒྱ་ཆ་༨༥ ནི་མི་ནག་ཚོང་རྒྱག་མཁན་གྱིས་རྒྱལ་ཁབ་གཞན་ནས་བཙན་དབང་ཐོག་ནས་ཁྲིད་ཡོང་བ་ཤ་སྟག་ཡིན་པས། ཁྲིམས་དེས་སྨད་ཚོང་མ་ཚོར་ཁྲིམས་ཐོག་ནས་ཡིག་ཆ་སྤྲད་ནས་སྨད་ཚོང་མིན་པའི་ལས་ཀ་སྤྲད་ཐུབ་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག དེ་བཞིན་ཁྲིམས་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཁྲིམས་དེས་མི་ནག་ཚོང་རྒྱག་མཁན་ཉུང་དུ་འགྲོ་བ་དང་ཁོ་ཚོར་ཁ་གཏད་གཅོག་པར་ཕན་ཐོགས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

འཛམ་གླིང་ནང་ལུས་འབྲེལ་ཆེད་དངུལ་སྤྲོད་མི་ཆོག་པ་བཟོ་མཁན་ཐོག་མར་ནི་ཡུ་རོབ་སི་ཝི་ཌན་ཡིན་པ་དང། ལུང་པ་དེས་དེང་སང་སྨད་ཚོང་མ་ཉུང་དུ་ཕྱིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

རྒྱ་གར་ནང་དུ་སྨད་ཚོང་མ་དང་ལུས་འབྲེལ་ཆེད་དངུལ་སྤྲད་པར་ཁྲིམས་འགལ་མིན་ཡང། ནག་ཚོང་རྒྱག་མཁན་གྱིས་བཙན་དབང་ཐོག་ནས་གང་ཟག་ཅིག་ཁྲིད་ཡོང་ནས་སྨད་ཚོང་མ་བཟོས་ན་ཁྲིམས་འགལ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༡༤ ཀློག་གྲངས།