ཤེས་རིག་ཚོགས་ཆེན་ལས་འཕྲོས་པའི་བསམ་གཞིག

དང་ཐོག་སློབ་གྲྭ་འཛུགས་ཕྱོགས་སྐོར་ལ་དེའི་སྐབས་ཀྱི་རྒྱ་གར་གྱི་སྲིད་བློན་ནཱེ་ཧ་རུ་མཆོག་གིས་བོད་ཕྲུག་ཡོངས་རྫོགས་རྒྱ་གར་སློབ་གྲྭར་བཏང་ན་འགྲོ་གྲོན་ཡང་རྒྱ་གར་གཞུང་གིས་གཏོང་ཆོག་པས། དཀའ་ངལ་མེད་སྐོར་གསུངས་ཡོད་ནའང། ༧གོང་ས་མཆོག་གིས་བོད་མི་གཙང་མ་ཞིག་དང། བོད་མི་རིགས་ལ་ཕན་ཐོགས་མཁན་ཞིག་ཡོང་བའི་ཆེད་དུ་བོད་མིའི་སློབ་གྲྭ་ཁག་ཟུར་འཛུགས་གནང་བ་དེར་དེའི་སྐབས་དཀའ་ངལ་ག་ཚོད་ཡོད་པ་བཤད་མ་དགོས་པ་རེད། དེ་རྗེས་༧གོང་ས་མཆོག་གིས་དེང་དུས་ཀྱི་སློབ་ཚན་ཚང་མ་བོད་ཡིག་ཐོག་སློབ་ཐབས་ལ་ཤུགས་སྣོན་བསྐྱོན་དགོས་གསུངས་ཏེ། དགེ་རྒན་ཚོས་སང་ཉིན་གྱི་སློབ་ཚན་དེ་རིང་བོད་བསྒྱུར་བྱས་ཏེ་སློབ་ཐབས་ཡིན་ནའང་བྱེད་དགོས་སྐོར་བཀའ་སློབ་གནང་ཡང། དེའི་སྐབས་མཐུན་རྐྱེན་དང་ཤེས་ཚད་གང་གི་ཆ་ནས་དེ་ལྟར་བྱེད་ཐུབ་མེད། ༢༠༠༩ ལོའི་ཕྱི་ཟླ་༡༢ པའི་ཚེས་༢༧ ཉིན་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་༧གོང་ས་མཆོག་གིས་“དུས་རབས་གསར་པ་འདིའི་ནང་ཡར་རྒྱས་ཕྱིན་པའི་སློབ་སྦྱོང་གསར་པ་མང་པོ་ཞིག་རྙེད་བསྡད་པ་དེ་ཡང་བོད་ཡིག་ནང་ལ་བསྒྲུབ་མི་ཐུབ་པ་དང། སྒྱུར་མི་ཐུབ་པ་ཞིག་ཡོང་གི་མེད་པ་དེ་གཏན་ཁེལ་བ་ཞིག་རེད་”ཅེས་གསུངས་ཡོད། བོད་རིགས་གཞོན་སྐྱེས་ཚོ་སློབ་མཐར་ཕྱིན་ཡོང་སྐབས། བོད་པའི་ཆོས་དང་རིག་གཞུང། ཡུལ་གོམས་གཤིས་ལུགས་ལ་རྒྱུས་མངའ་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་པ་མ་ཟད། དེང་དུས་ཀྱི་ཤེས་ཡོན་ཡང་དེ་ཙམ་ཡག་པོ་ཤེས་ཀྱི་མེད་པའི་ཉེན་ཁར་སླེབས་སྐབས་བོད་རིགས་བསམ་ཤེས་ཅན་ཚོས་སེམས་ཀྱིས་མ་བཟོད་པར་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་ཁྱིམ་སློབ་གྲྭ་གཉིས་ཀྱིས་དབུ་ཁྲིད་དེ་དབྱིན་ཇིའི་སྐད་ཡིག་གཅིག་པུ་མ་གཏོགས་སློབ་ཚན་ཚང་མ་བོད་ཡིག་ཐོག་སློབ་རྒྱུ་འཛིན་གྲྭ་ལྔ་པ་བར་ལག་བསྟར་བྱས་པ་ནི། ༧གོང་ས་མཆོག་གི་བཀའ་དགོངས་ལག་བསྟར་དང། བོད་མི་རིགས་ལ་ཕན་པའི་རླབས་ཆེན་བྱ་གཞག་ཅིག་གི་དབུ་འཁྱུད་རེད་འདུག་མོད། བར་མཚམས་དེ་ནས་ཡར་རྒྱས་གཏོང་མ་ཐུབ་པར་ད་ལྟ་མཐོ་རིམ་སློབ་མ་ཚོར་བོད་ཡིག་གི་ཤེས་ཚད་སྐྱོ་པོ་ཡིན་པ་མ་ཟད། དེང་དུས་ཀྱི་ཤེས་ཡོན་ཐོག་ཁྱད་ལས་པ་དཀོན་པོ་ཡིན་པ་དེ།  སློབ་གྲྭ་ཁག་གི་ཤེས་ཡོན་སློབ་ཁྲིད་བྱེད་སྟངས་དང། སློབ་གསོས་མ་འདང་བ་ཡིན་པ་ལས། དེང་དུས་ཀྱི་སློབ་མའི་རིག་པ་སྐྱོ་དྲགས་པ་དང། དགེ་རྒན་ཤེས་ཚད་ཞན་དྲགས་པས་མིན་པ་མངོན་གསལ་རེད།
བོད་ཕྲུག་ཚོའི་ཤེས་ཡོན་གོང་མཐོར་གཏོང་མ་ཐུབ་པའི་ཉེན་ཁའི་སྐབས་དེར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་བཀའ་ཤག་སྐབས་བཅུ་གཉིས་པས་བོད་མིའི་ཤེས་ཡོན་སྲིད་ཇུས་གསར་པ་ཞིག་གྲོས་ཚོགས་ནང་གཏན་འབེབས་བྱས་ནའང། ཤེས་རིག་ལས་ཁུངས་རང་གི་ཁྱབ་ཁོངས་སཾ་བྷོཊའི་སློབ་གྲྭ་ཁག་ལས་གཞན་བོད་ཁྱིམ་ཁག་དང། རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཁག་གི་ནང་ལག་བསྟར་བྱེད་ཐུབ་མེད།
བོད་མིའི་དཔལ་འབྱོར་གྱི་གནས་བབས་ཅུང་ཡར་རྒྱས་ཕྱིན་པ་དང། ཁྱིམ་ཚང་འབྱོར་ལྡན་ཚོས་ཕྲུ་གུ་ཚོ་འགྲོ་སོང་ཕངས་མེད་བཏང་སྟེ་རྒྱ་གར་སློབ་གྲྭ་དང། དབྱིན་ཇིའི་སློབ་གྲྭའི་ནང་སྐྱེལ་མཁན་མང་དུ་འགྲོ་བཞིན་ཡོད། ཉེ་ཆར་གྱི་ཚོགས་ཆེན་ཐོག་ཏུ་ཡང་༧གོང་ས་མཆོག་གིས་ས་གནས་ཁག་ཅིག་ཏུ་བོད་མིའི་སློབ་གྲྭ་ཁག་ཅིག་སྟོང་པར་འགྱུར་བཞིན་ཡོད་སྐོར་འདུག་པས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་གཉེར་བ་ཚོར་གོ་སྐབས་སྤྲོད་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་སོང། འདི་ལྟར་མུ་མཐུད་བསྐྱོད་ན་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་བོད་མིའི་སློབ་གྲྭ་ཟུར་འཛུགས་བྱས་པ་ཡང་ཕན་མེད་དུ་འགྱུར་བཞིན་ཡོད་ལ། བོད་པའི་ཆོས་དང་རིག་གཞུང་རྒྱ་ནག་གིས་གཏོར་བཤིག་བཏང་སོང་ཞེས་སྐད་ངན་སྒྲོག་བཞིན་ཡོད་པ་འདི་ཡང་སྐྱོན་བརྗོད་བྱེད་འདོད་པ་ལས་སོ་སོར་དགོས་ཀྱི་མེད་པ་མངོན་གསལ་དང། ༧གོང་ས་མཆོག་གི་བཀའ་བཞིན་ཞུ་རྒྱུ་ཡིན་ཞེས་ཉིན་ལྟར་བཤད་བཞིན་པ་དེ་ཡང་ཁ་གཡང་ཙམ་དུ་འགྱུར་བཞིན་ཡོད། བོད་མི་རིགས་ལ་ཕན་ན་༧གོང་ས་མཆོག་གི་དགོངས་གཞིར་གནས་སྐབས་འགལ་ཡང། ཁོང་གི་དགོངས་གཞི་མཐར་ཐུག་དེ་བོད་མི་རིགས་ལ་ཕན་པའི་ཆེད་དུ་ཡིན་པས། དེ་བྱུང་ན་འགྲིག་པ་རེད་མོད། མུ་མཐུད་འདི་ལྟར་བསྐྱོད་ན་བོད་པར་ཕན་པ་ཡང་ཁག་པོར་གྱུར་འདུག བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་འདི་ལ་དབྱིན་ཡིག་གཙོས་དེང་དུས་ཀྱི་རིག་གནས་ཤེས་ཐབས་མེད་སྐོར་གྱི་སྐྱོན་བརྗོད་བྱེད་བཞིན་ཡོད་མོད། འདི་ནི་ལག་བསྟར་བྱེད་འདོད་མེད་པའི་སྐྱོན་བརྗོད་ཡིན་པ་ལས། རྒྱ་གར་ནང་དུའང་སྲིད་ཇུས་འདི་དང་ཆ་འདྲ་བའི་སློབ་གྲྭ་མང་པོ་ཡོད། དཔེར་ན། རྒྱ་གར་ས་གནས་ཏཱ་མིལ་ན་ཏུ་དང། ཀ་ན་ཊ་ཀ་སོགས་ཀྱི་ནང་འཛིན་གྲྭ་བཅུ་གཉིས་བར་དུ་དབྱིན་ཇིའི་སྐད་ཡིག་གཅིག་པུ་ལས་སློབ་ཚན་ཚང་མ་རྒྱ་གར་གྱི་ཡི་གེ་(ས་གནས་དེའི་ཡི་གེ་ཡིན།)ཡིན་ལ།   མཐོ་སློབ་ཏུ་སྐྱོད་སྐབས་རྒྱ་གར་རྒྱལ་ཡོངས་གཅིག་མཚུངས་ཀྱིས་སློབ་དེབ་ཚང་མ་དབྱིན་ཡིག་ཐོག་ཡིན་མོད། ཁོང་ཚོ་རྗེས་ལུས་ཐེབས་པའི་སྐད་ཆ་མེད་ལ། བོད་པའི་སློབ་མ་ཡང་ཀ་ན་ཊ་ཀའི་སྐད་ཡིག་ནང་འཛིན་གྲྭ་བཅུ་གཉིས་མཐར་ཕྱིན་རྗེས་མཐོ་སློབ་ནང་དབྱིན་ཡིག་ཐོག་སློབ་སྦྱོང་བྱེད་མཁན་ཡོད། ཁོང་ཚོས་བོད་ཡིག་ཤེས་ཀྱི་མེད་པ་མ་གཏོགས་ཀ་ན་ཊ་ཀའི་སྐད་ཡག་པོ་ཤེས་ཀྱི་ཡོད་ལ། མཐོ་སློབ་ནང་དུ་ཡང་དཀའ་ངལ་གང་ཡང་མེད། རྒྱ་གར་གྱི་ས་གནས་ཀྱི་སྐད་ཡིག་ཐོག་འཛིན་གྲྭ་བཅུ་གཉིས་ཐོན་པ་ཚོ་མཐོ་སློབ་ཏུ་དཀའ་ངལ་འཕྲད་ཀྱི་ཡོད་མེད་སྐོར་རྒྱུས་མངའ་ཅན་གྱི་བོད་པའི་མཐོ་རིམ་སློབ་མ་མང་པོར་སྐད་ཆ་འདྲི་རྒྱུ་བྱུང་ལ། ཁོང་ཚོར་དབྱིན་ཇིའི་སྐད་ཡིག་གི་རྨང་གཞི་ཡག་པོ་འདུག་པས་དཀའ་ངལ་གང་ཡང་མི་འདུག་ཟེར། དེ་ན་ང་ཚོར་ཡང་བོད་ཡིག་ཤེས་པའི་ཐོག་ནས་འཛིན་གྲྭ་བཅུ་གཉིས་བར་དབྱིན་ཡིག་གི་རྨང་གཞི་འདིང་མི་ཐུབ་པའི་ཞན་ཆ་གང་ཡང་མེད། ད་ལྟ་བོད་པའི་མཐོ་རིམ་སློབ་མ་ཚོ་ཤེས་ཡོན་པ་ཚད་ལྡན་ཞིག་ཆགས་ཀྱི་ཡོད་ན་ལམ་ལུགས་སྒྱུར་དགོས་དོན་མེད་མོད། དབྱིན་བོད་གཉིས་ཀྱི་ཐོག་ནས་ཤེས་ཡོན་གྱིས་ཁུངས་འཁྱོལ་གྱི་མེད་པ་གསལ་པོ་རེད། ཡང་གཅིག་བཤད་ན་བོད་ཡིག་ཐོག་ནས་མཁས་པ་དང། རིགས་གཅིག་རྐང་འཛིན་ཐོན་ཐབས་མེད་པ་ཡང་མིན། རྒྱ་གར་གྱི་མཁས་དབང་ཐཱེ་ཀོར་གྱིས་སོ་སོའི་ས་གནས་ཀྱི་སྐད་ཡིག་ཐོག་བྲིས་པའི་རྩོམ་ཡིག་དེ་ཚོར་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་ནས། འཛམ་གླིང་ལ་སྐད་གྲགས་ཆགས་པ་ལས། དང་ཐོག་ནས་དབྱིན་ཡིག་ཐོག་ཏུ་བྲིས་པ་ཞིག་མིན། བསམ་བློའི་ནང་དུ་སློབ་སྦྱོང་གི་རྨང་གཞི་མཐུག་པོ་ཞིག་མེད་ན། དབྱིན་ཡིག་བྱང་ཆུབ་པ་ཤེས་ཀྱང་འགྲིམ་འགྲུལ་སྐབས་ཀྱི་དཀའ་ངལ་ཙམ་སེལ་བ་ལས་ཕན་ཐོགས་གང་ཡང་མེད།
དམིགས་སུ་བཀར་ནས་ཞུ་འདོད་པ་ཞིག་ལ། བོད་ནས་གསར་དུ་འབྱོར་བའི་ཕྲུ་གུ་ཚོ་བོད་ཁྱིམ་གཉིས་ཀྱི་ནང་དུ་སྐྱེལ་བཞིན་ཡོད་ལ་དེ་སྔ་བར་གསོ་སྐྱོང་སློབ་ཁྲིད་ཚང་མ་གནང་བ་རེད། ད་དུང་ཡང་ཡར་རྒྱས་བཏང་སྟེ་ཁོང་ཚོ་བོད་མི་གཙང་མ་ཞིག་དང། འདབ་གཤོག་གཉིས་ལྡན་གྱི་བོད་མི་ཞིག་ཆགས་ཐབས་བྱེད་རྒྱུ་ནི་གནད་ལ་སྨིན་པའི་ལས་དོན་ཞིག་ཡིན་པར་སྙམ། ད་ལྟ་སྐད་རིགས་མང་པཽ་ཤེས་མཁན་ཡོད་ཀྱང། ཁུངས་འཁྱོལ་བ་ཞིག་ཤེས་མཁན་དཀོན་ཚུལ་འདུག
པཎ་ཆེན་སྐུ་གོང་མས་བོད་ནང་དུ་རྒྱ་ནག་གི་བཙན་བཀའ་ལ་མ་ལྟོས་པར་སློབ་གྲྭའི་ནང་རྒྱའི་སྐད་ཡིག་རྐྱང་པ་ལས་གཞན་སློབ་ཚན་ཚང་མ་བོད་ཡིག་ཐོག་སློབ་རྒྱུར་འབད་བརྩོན་རིམ་པ་བཞིན་གནང་ཡོད་ལ། ༧གོང་ས་མཆོག་གིས་ཀྱང་དབྱིན་ཇི་སྐད་ཡིག་ལས་སློབ་ཚན་ཚང་མ་བོད་ཡིག་ཐོག་སྦྱོང་རྒྱུའི་བཀའ་སློབ་གནང་ཡོད། ང་ཚོས་གནམ་ལ་ཉི་ཟླ་གཉིས་དང། ས་ལ་རྒྱལ་པཎ་གཉིས་ཞེས་སྤོབས་པའི་ཐོག་ནས་བཤད་བཞིན་པ་གཉིས་ཀྱི་དགོངས་གཞི་དེ་ནོར་བ་ཡིན་ནམ།།

Share this:
༤༧ ཀློག་གྲངས།