བཙན་བྱོལ་བོད་མི་ལ་མང་གཙོ་འོས་སམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༩༡  ཕྱི་ལོ་ ༢༠༡༦/༤/༢༠
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་མང་གཙོ་འགོ་འཛུགས་ལག་བསྟར་བྱས་ནས་མི་ལོ་ལྔ་བཅུ་བརྒལ་ཟིན་པ་དང། ད་ལྟའི་ཆར་ཡང་བཙན་བྱོལ་བོད་མི་ལ་མང་གཙོ་འོས་འཚམས་ཡོད་མེད་སྐོར་ལ་བསམ་བློ་གཏོང་དགོས་པ་ཞིག་ཆགས་འདུག སྤྱི་ཡོངས་ནས་མི་མང་གི་བསམ་བློའི་ནང་དུ་མང་གཙོའི་ཁེ་ཕན་ངོ་མ་ངོ་སྤྲོད་གསལ་པོ་བྱུང་ཡོད་མེད་ད་དུང་ཡང་ཐེ་ཚོམ་ཡོད་པ་དང། མང་གཙོ་དང་རང་དབང་གི་ཐོབ་ཐང་ལ་ངོས་ཟིན་ཡོད་མཁན་དག་གི་ངོས་ནས་དེའི་ཁོར་ཡུག་ཏུ་དར་བའི་རང་དབང་གི་ཁོར་ཡུག་ཅིག་འཚོལ་རྒྱུའི་སྟ་གོན་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད། འོན་ཀྱང་ཕལ་མོ་ཆེས་ནི་ད་དུང་ཡང་མང་གཙོ་ནི་དད་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ངོས་འཛིན་པ་དང། མང་གཙོ་དང་རང་དབང་ཆ་ཚང་རྟོགས་མཁན་ཁག་ཅིག་གི་ངོས་ནས་ཀྱང། རང་དབང་མང་གཙོའི་ཁོར་ཡུག་འདི་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ཀྱི་གཅིག་སྒྲིལ་ལ་གནོད་སྐྱོན་ཡོད་པའི་བསམ་ཚུལ་ཡང་མངོན་ཡོང་གི་ཡོད།
དོན་དངོས་ཐོག་མིའི་ལུང་པར་སྐྱབས་བཅོལ་དུ་གནས་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་མང་གཙོ་གལ་ཆེའམ། གཅིག་སྒྲིལ་གྱི་ཐོག་ནས་འཐབ་རྩོད་བྱ་རྒྱུ་གལ་ཆེ་ཞེས་པའི་དྲི་བ་དེ་སླེབས་ཡོང་ན་སྟབས་བདེ་པོ་ཞིག་གི་ཐོག་ནས་ལན་འདེབས་བྱེད་དཀའ་བ་ཞིག་རེད། རང་དབང་མང་གཙོ་བེད་སྤྱོད་བྱེད་མཁན་གྱི་མི་རིགས་ཤིག་ལ་རང་ལ་དབང་བའི་ཁོར་ཡུག་ཅིག་དགོས་པ་དང། མིའི་ལུང་པར་སྐྱབས་བཅོལ་དུ་གནས་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་རང་དབང་ལུང་པ་ཞེས་བརྗོད་པ་དེ་ཕྱོགས་ཡོངས་ནས་དོན་དང་མཐུན་པ་ཞིག་མིན་སྙམ། ད་དུང་གསལ་པོ་རྟོགས་དགོས་པ་ཞིག་ལ་སྐབས་རེ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་དབང་འཛིན་པ་ཁག་ཅིག་ལ་མཚོན་ན་གཞི་རིམ་མང་ཚོགས་ནང་བསམ་ཚུལ་མི་མཐུན་པ་ཡོད་ན་མི་འདོད་པའི་ཚོར་སྣང་མངོན་གསལ་སྟོན་པ་དང། དེ་ལ་བརྟེན་ནས་གཅིག་སྒྲིལ་མི་ཡོང་བའི་ཉེན་ཁ་ཆེ་ཤོས་ཡིན་པའི་ལྟ་ཚུལ་བརྗོད་མཁན་ཡང་ཡོང་གི་ཡོད་ལ། བསམ་ཚུལ་མི་མཐུན་པ་ཡོད་པ་དེ་གསལ་སྟོན་བྱེད་པ་ཡང་མདོ་ཧྲིལ་གྱིས་དྲིལ་ན་མང་གཙོ་ལ་བརྟེན་ནས་བྱུང་བ་རེད།
སྤྱིར་མང་གཙོ་ཡོད་མེད་ལ་མ་ལྟོས་པར་གནད་དོན་མང་པོ་ལ་བསམ་ཞིབ་བྱེད་མཁན་ཞིག་ཡིན་ན་བསམ་ཚུལ་མི་མཐུན་པ་ཡོད་ངེས་ཡིན་པ་དང། མང་གཙོ་ཡོད་ན་བསམ་ཚུལ་མི་མཐུན་པ་དེ་དག་ཀྱང་མངོན་གསལ་དོད་པོའི་ཐོག་ནས་གསལ་འདོན་བྱེད་པའི་ཁོར་ཡུག་འཚོལ་བ་ནི་བཤད་མ་དགོས་པ་རེད། བསམ་ཚུལ་མི་མཐུན་པ་མང་པོ་སླེབས་པ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ཁ་འཐོར་དུ་འགྲོ་བ་དང། འཐབ་རྩོད་ཀྱི་ནུས་ཤུགས་ཆུང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་མང་བ་ཡོད་ན། བཙན་བྱོལ་བོད་པའི་མང་གཙོའི་འགྲོ་སྟངས་དེ་ཡང་ཁྲིམས་ལུགས་ཀྱི་ཐོག་ནས་ཕྱིར་བསྡུ་བྱས་ཀྱང་མི་འགྲིག་པ་ཨེ་ཡོད་སྙམ། ང་ཚོའི་ལམ་སྲོལ་འདི་དག་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་ནས་བསམ་བློ་ཞིག་གཏོང་མ་ཐུབ་ན། དེའི་རྗེས་སུ་དཀའ་ལས་ཁག་པོ་ཞིག་ཡོང་གི་རེད་ཅེས་པ་དེ་ཁ་ཡོད་ཚད་ཀྱིས་བཤད་བཞིན་པ་ཞིག་རེད་ལ།  གལ་སྲིད་འགྱུར་བ་ཞིག་དགོས་ན་༧གོང་ས་མཆོག་ཞལ་བཞུགས་སྐབས་ནས་གཏོང་དགོས་པ་ཧ་ཅང་གལ་ཆེ་སྙམ།
སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་གཅིག་སྒྲིལ་ཡོང་བར་ནུས་པ་ཆེ་ཤོས་དེ་༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོའི་ལམ་ལུགས་དེ་ཡིན་པར་ཡིད་ཆེས་ཡོད་ཀྱང། ལོ་འདིར་ལྷ་མི་ཚང་མ་ཧ་ཅང་འཁྲུག་བཞིན་པའི་སྐབས་འདིར་ཐོག་མའི་རེ་བ་དང་ཡིད་ཆེས་དེ་ལའང་བསྐྱར་དུ་བསམ་བློ་ཞིག་མི་གཏོང་ཀ་མེད་ཆགས་འདུག དེ་ཡིན་དུས་མ་འོངས་པར་སྐུ་དྲག་དང་མི་མང་གི་རྩོད་པ་མི་དགོས་པ་དང། རང་བཙན་དང་དབུ་མའི་ལམ་གྱི་རྩོད་པ་རྒྱག་མི་དགོས་པ། ལམ་དབུ་མའི་ལངས་ཕྱོགས་འཛིན་མཁན་དག་ནང་འཛིང་རྒྱག་མི་དགོས་པར་གཞུང་གི་ཐག་གཅོད་དེའི་ཐོག་ཤར་བསྐྱོད་བྱེད་རྒྱུ་ལས་ཁོར་ཡུག་གཞན་མི་ཡོང་བ་ཞིག་བྱེད་རྒྱུ་ལ། ད་ལྟ་འགྲོ་བཞིན་པའི་མང་གཙོ་ལམ་ལུགས་དེ་ཕྱིར་བསྡུ་བྱས་ན་གནད་ཡོད་མི་སྣ་མང་པོ་ཞིག་གི་སེམས་ཁྲལ་དེ་རང་བཞིན་གྱིས་ཞི་འཇམ་འགྲོ་སྲིད་པ་ཞིག་རེད་སྙམ། ད་ལྟའི་ལམ་ལུགས་འདི་ཉིད་མུ་མཐུད་བཞག་ན་མ་འོངས་པར་ཡང་འོས་བསྡུ་ཆེན་མོའི་སྐབས་སུ་བསམ་ཚུལ་མི་མཐུན་པ་དང་སྐྱོན་བརྗོད་འདྲ་མིན་ཡོང་རྒྱུ་ཡིན་པ་ནི་སྨྲོས་མི་དགོས་པ་རེད།
མདོར་ན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང། བཀའ་བློན། སྤྱི་འཐུས་སོགས་ཚང་མ་གོ་གནས་སམ་དབང་ཆ་ཞིག་ཏུ་ངོས་འཛིན་གཏན་ནས་བྱེད་མི་འོས་ཤིང། བོད་དོན་འཐབ་རྩོད་བྱེད་པའི་ལས་འགན་ཞིག་ཏུ་ངོས་འཛིན་བྱེད་དགོས། འོན་ཀྱང་སྐབས་རེ་རང་བཙན་ཡོད་པ་ལྟ་བུའི་བསམ་བློའི་ཐོག་ནས་སྣང་བ་དག་སྟེ་གོ་གནས་སམ་དབང་ཆ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡང་ཧ་ཅང་མང་པོ་རེད། གནད་དོན་འདི་དག་གི་ཐོག་ནས་བསམ་བློ་བཏང་ན་བོད་དོན་འཐབ་རྩོད་ཀྱི་བསམ་བློ་ཉམས་ནས་རིམ་པས་རུལ་སུངས་ཅན་དུ་འགྱུར་བའི་རྐྱེན་རྩ་ཞིག་ཏུ་འགྱུར་མི་སྲིད་པའང་གཏན་ནས་མ་རེད། བོད་མི་རིགས་ལ་དགོས་པ་དེ་ལྷ་རབ་བྱུང་ན་རྒྱ་གཞུང་གི་བཙན་གནོན་འོག་ནས་ཐར་ཏེ་བོད་ལ་རང་དབང་རང་བཙན་གྱི་གོ་སྐབས་ཤིག་འཐོབ་དགོས་པ་དང། དེ་ལྟར་མ་བྱུང་ཡང་རང་དབང་གི་ཐོག་ནས་གཞིས་བྱེས་མཉམ་འཛོམས་ཐུབ་པ་ཞིག་དགོས་པ་དེ་རེད། དེ་ཡིན་དུས་བཙན་བྱོལ་ནང་གི་མིང་སྟོང་པ་དེ་དག་ལས་དོན་དངོས་འཐབ་རྩོད་ལ་སྨན་པ་ཞིག་དགོས་པས། བཙན་བྱོལ་བོད་མི་ལ་མང་གཙོ་འོས་འཚམས་ཡོད་མེད་བསམ་བློ་གཏོང་རན་འདུག་སྙམ།།

Share this:
༡༣༧ ཀློག་གྲངས།