རྒྱ་ནག་ནང་གི་ཕྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པར་ཁྲིམས་གསར།

རྒྱ་གཞུང་གི་གྲོས་ཚོགས་ཀྱིས་རྒྱ་ནག་ནང་དུ་ཡོད་པའི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་འབྲེལ་བའི་རྙོག་གླེང་ཅན་གྱི་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་ཡོད་པས། དེ་ལ་སྐྱོན་བརྗོད་ཆེན་པོ་བྱེད་མཁན་བྱུང་འདུག

6800006_nདེ་ཡང་ཟླ་འདིའི་ཚེས་༡༨ ཉིན་རྒྱ་ནག་གི་གྲོས་ཚོགས་ཀྱིས། རྒྱ་ནག་ནང་དུ་ཡོད་པའི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༧༠༠༠ ལྷག་ཡོད་པ་རྣམས། ས་གནས་བདེ་སྲུང་ལས་ཁུངས་ནས་ཚོགས་པ་དེ་དག་གི་ལས་དོན་བྱེད་ཕྱོགས་ལ་སྟངས་འཛིན་དང། ལས་མིར་འདྲི་རྩད། དཔལ་འབྱོར་ཡོང་ཁུངས་དང་བེད་སྤྱོད་བྱེད་སྟངས་ལ་བྱ་ར། དེ་བཞིན་ཚོགས་པ་དེ་སྒོ་རྒྱག་ཆོག་པའི་ནུས་པ་ཡོད་པ་བཟོས་ཡོད་འདུག་པས། རྒྱལ་སྤྱིའི་ཚོགས་པ་མང་པོས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་འདུག

ཨ་རིའི་གཞུང་འཛིན་ཚོགས་པས་ཁྲིམས་དེ་ལ་སེམས་འཚབ་ཆེན་པོ་ཡོད་པ་དང། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་གསར་འགོད་པ་ཚོའི་རང་དབང་ལ་བརྩི་བཀུར་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཉམས་ཞིབ་པ་དང་དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འབྲེལ་མཐུད་ཚོགས་པ་སོགས་ཀྱིས། ཁྲིམས་དེས་རྒྱ་ནག་ནང་དུ་ཡོད་པའི་མི་མང་ཞབས་ཞུ་ཚོགས་པ་ཁག་གི་ལས་དོན་བྱེད་པའི་ནུས་ཤུགས་ཉམས་རྒྱུ་ཡིན་པས། ཁྲིམས་དེ་ཕྱིར་འཐེན་བྱེད་དགོས་པའི་བསམ་ཚུལ་བཏོན་འདུག

ཁྲིམས་གསར་པ་དེ་ཕྱི་ལོ་༢༠༡༧ ལོའི་ཟླ་༡ པོའི་ནང་ལག་ལེན་བསྟར་རྒྱུ་ཡིན་པ་དང། དེ་ཡང་དེ་སྔོན་རྒྱ་གཞུང་གིས་བདེ་འཇགས་དང་དྲ་རྒྱ་དོ་དམ་སོགས་ཀྱི་ཁྲིམས་གསར་པ་མང་པོ་གཏན་ལ་ཕབ་སྐབས་སུ་བཟོས་པའི་ཟིན་བྲིས་ཞིག་ཡིན་འདུག ཁྲིམས་གསར་པ་དེ་གཏན་ལ་ཕབ་ཟིན་ཡང། དེ་ནང་བྱེད་ཆོག་པ་དང་བྱེད་མི་ཆོག་པ་གང་ཡོད་པའི་གནད་དོན་ཁ་ཤས་ལས་ཆ་ཚང་བ་གསལ་པོ་ཞིག་རྒྱ་གཞུང་གི་བརྒྱུད་ལམ་ཁག་དང་གཞུང་འབྲེལ་མི་སྣས་འགྲེལ་བརྗོད་བྱས་མི་འདུག་པས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཚོས། དེ་སྔོན་གྱི་ཟིན་བྲིས་ལ་ཆ་འཇོག་གི་འདུག

དེ་སྔོན་གྱི་ཟིན་བྲིས་ལས་ཕྱིའི་རྒྱལ་ཁབ་ཀྱི་གཞུང་འབྲེལ་མ་ཡིན་པ་ཚོགས་པ་ཚོ་རྒྱ་ནག་ནང་དེབ་སྐྱེལ་བྱེད་པར་འགྲོ་སྟངས་འགྲོ་ལུགས་མགོ་རྙོག་པོ་དང། ཚོགས་པ་དེ་དག་ནང་རྒྱ་ནག་གི་མི་མང་གིས་ལས་ཀ་བྱེད་མི་ཆོག་པ། དེ་བཞིན་ས་གནས་བདེ་སྲུང་ལས་ཁུངས་ཀྱིས་ཚོགས་པ་ཞིག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་དོན་བྱེད་ཀྱི་ཡོད་པ་ཤེས་ཚེ། ཚོགས་པ་དེ་སྒོ་རྒྱག་ཆོག་གི་ཡོད་པ་སོགས་རྒྱ་ནག་ནང་གི་མི་མང་ཞབས་ཞུ་ཚོགས་པ་ཚོར་སྟངས་འཛིནཤུགས་ཆེན་བྱེད་ཆོག་པའི་དབང་ཚད་ས་གནས་བདེ་སྲུང་ལས་ཁུངས་ལ་ཐོབ་ཀྱི་ཡོད་པས། དབང་ཚད་དེ་དག་བེད་སྤྱོད་ལོགས་པར་འགྲོ་སྲིད་པའི་སེམས་འཚབ་བྱེད་མཁན་མང་པོ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༥༣ ཀློག་གྲངས།