རྩོམ་པ་པོ་ཞོགས་ལྗངས་གློད་གྲོལ་ཡོང་ཆེད་ཀྱི་ལས་འགུལ།

ཟླ་འདིའི་ཚེས་༣ ཉིན་ནི་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་སྟབས་བསྟུན། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གཞུང་གི་བཙོན་འོག་ནས་བོད་ཀྱི་རྩོམ་པ་པོ་ཞོགས་ལྗངས་གློད་གྲོལ་ཡོང་ཆེད་དུ་གཏམ་རྒྱུད་ཁྲབ་སྟོན་དང། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
shokjangདྷ་ས་མེག་གྷན་གྱི་བཞི་མདོ་རུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་རྨ་ལྷོ་ཁྲིམས་ཁང་དུ། བོད་ཀྱི་རྩོམ་པ་པོ་ཞོགས་ལྗངས་ལ་ཁྲིམས་ཐག་བཅད་པའི་གཏམ་རྒྱུད་ཁྲབ་སྟོན་བྱས་དང། སྐབས་དེར་ཉེ་འཁོར་གྱི་བོད་མི་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་མཉམ་ཞུགས་བྱས་ཡོད་པ་རེད།
རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷས་ལས་འགུལ་དང་འབྲེལ་ནས་འགྲེལ་བརྗོད་བྱེད་དོན། དེ་རིང་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་འཛམ་གླིང་གང་སར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཁག་ནས། འཛིན་བཟུང་བྱས་ནས་ལོ་གཅིག་འཁོར་བའི་རྩོམ་པ་པོ་ཞོགས་ལྗངས་གློད་གྲོལ་ཡོང་ཆེད་ལས་འགུལ་སྤེལ་གྱི་ཡོད་པ་དང། རྒྱ་གཞུང་གིས་ཁོང་ལྟ་བུ་རྩོམ་པ་པོ་ཞིག་འཇུ་བཟུང་བྱས་པ་དེ་རྒྱ་ནག་གཞུང་གི་ཁྲིམས་དེ་ངོ་བོ་ཙམ་ལས་ལག་ལེན་བསྟར་གྱི་མེད་པ་གསལ་སྟོན་ཆེད་ལས་འགུལ་སྤེལ་བ་ཡིན་པ། དེ་བཞིན་ཞོགས་ལྗངས་ཀྱིས་རྒྱ་གཞུང་ལ་ཞུ་གཏུག་སྙན་ཞུ་དེ་ནི་རྒྱ་ནག་གི་ཁྲིམས་དང་བསྟུན་ནས་ལས་འགུལ་གྱི་རྣམ་པ་གསར་པ་ཡིན་སྐོར་འགྲེལ་བརྗོད་བྱས་སོང།
དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་རིན་འཛིན་ཆོས་སྒྲོན་གྱིས་“གཏམ་རྒྱུད་ཁྲབ་སྟོན་དེ་བརྒྱུད་ནས་ཞོགས་ལྗངས་ཀྱི་གནས་སྟངས་སྐོར་ངོ་སྤྲོད་ཡོང་ཆེད་དང། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འོག་ལ། རྩོམ་པ་པོ་དང་ཤེས་ཡོན་པ་རྣམས་ཀྱི་དཀའ་སྡུག་གསལ་སྟོན་བྱེད་རྒྱུའི་དམིགས་ཡུལ་ཡིན།”ཞེས་བརྗོད་སོང།
པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ཨ་རིག་དགེ་མཐོང་གིས་གསར་འགོད་པར་བརྗོད་དོན། བཙན་བྱོལ་དུ་ཡོད་པའི་བོད་རིགས་རྩོམ་པ་པོ་ཚོར་རང་ཉིད་ཀྱི་བསམ་ཚུལ་བཤད་པའི་རང་དབང་ཡོད་པ་རེད་དེ། བོད་ནང་དུ་ཡོད་པའི་རྩོམ་པ་པོ་ཚོར་རང་དབང་མེད་པ་རེད། ལྷག་པར་དུ་མི་རིགས་ཀྱི་སྐོར་ལ་བཤད་སྐབས་ཡིག་འབྲུ་རེ་ལ་ཚེ་སྲོག་གཏའ་མར་བཞག་པ་དང་གཅིག་མཚུངས་ཡིན་པས། བོད་ནང་གི་ན་གཞོན་རྩོམ་པ་པོ་ཞོགས་ལྗངས་གཙོས་པའི་རྩོམ་པ་པོ་མང་པོ་ཞིག་དཀའ་ངལ་འཕྲད་ཀྱི་ཡོད་པ། ཕྱི་རུ་ཡོད་པའི་རྩོམ་པ་པོ་དང་གསར་འགོད་པ་ཚོས་ཁོང་ཚོའི་བསམ་བློ་ལ་ཞིབ་འཇུག་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང།

ཕྱི་ལོ་༢༠༡༦ ཟླ་༢ ཚེས་ ༡༧ ཉིན་རྩོམ་པ་པོ་ཞོགས་ལྗངས་ལ་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁྲིམས་ཁང་དུ་ཁོང་གི་ནང་མི་སོགས་སླེབས་ཡོད་པ་དང། སྐབས་དེར་ཁྲིམས་རྩོད་སོགས་ཀྱི་གོ་རིམ་གང་ཡང་མེད་པར་ཁྲིམས་དཔོན་ཞིག་གིས་ཞོགས་ལྗངས་གིས་ཕྱི་ལོ་ ༢༠༠༨ ལོར་མི་རིགས་ཁ་བྲལ་གྱི་ཟིང་ཆ་བསླངས་པ་དང་ཕྱི་རྒྱལ་ཁ་བྲལ་བར་ལྐོག་འབྲེལ་བྱས་པ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་ཐེངས་མང་པོར་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པའི་བརྗོད་བྱ་སྤེལ་བ་སོགས་ནག་ཉེས་ ༤ བགྲང་སྟེ་ལོ་ ༣ གྱི་ཁྲིམས་ཐག་བཅད་སྐོར་དྲིལ་བསྒྲགས་དང།། ཉིན་ ༡༠ ནང་ཚུད་ལ་ཁྲིམས་ཐག་བཅད་པ་དེ་ངོས་ལེན་ཡོད་མེད་མཚན་རྟགས་འགོད་ནས་འགེངས་ཤོག་བསྐང་དགོས་པའི་བཀའ་བཏང་ཡོད་པས།  ཞོགས་ལྗངས་ཀྱིས་སྐབས་དེར་ཞུ་གཏུག་བསྐྱར་དུ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཁོང་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༩ ཉིན་མཚོ་སྔོན་རེབ་གོང་དུ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཅིང་། སྐབས་དེར་ཁོང་ལ་ནག་ཉེས་ཅི་ཞིག་བཙུགས་ཡོད་པ་གསལ་ཁ་མེད་ཀྱང་། ཁོ་རང་གི་གྲོགས་པོ་ཚོས་ཞོགས་ལྗང་ལགས་ཀྱིས་དེ་སྔོན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། རང་དབང་སོགས་ཀྱི་སྐོར་རྩོམ་ཡིག་མང་པོ་སྤེལ་བ་དང་། ལྷག་པར་ཁོང་གི་ཟིན་བྲིས་ནང་བོད་པའི་ས་གནས་ཁ་ཤས་ནང་སྐོར་སྐྱོད་གནང་བའི་མཐོང་ཐོས་སེམས་ཚོར་དང་སྦྲགས་ནས་བྲིས་ཡོད་སྟབས། རྒྱ་གཞུང་གིས་དེ་དག་ཆབ་སྲིད་དང་འགལ་བར་ངོས་འཛིན་བྱས་པ་ཡིན་པའི་ཚོད་དཔག་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་བྱུང་སྐབས་ཁོང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དངོས་གཞིའི་སློབ་མ་ཡིན་ཞིང་། སྐབས་དེར་ཁོང་དང་ཐེའུ་རང་ངམ་བཀྲ་ཤིས་རབ་བརྟན་སོགས་ཀྱིས་སྣེ་ཁྲིད་དེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཚོས་ལག་ཏུ་༼བོད་མིའི་སྐྱིད་སྡུག་མཉམ་ མྱོང་།༽ཞེས་འཁོད་པའི་འཕྲེད་དར་བཟུང་སྟེ། སློབ་གྲྭའི་ནང་ཞི་བའི་རྔམ་སྟོན་སྐོར་སྐྱོད་དང་དགོང་མོ་སློབ་གྲྭའི་ཐང་ཆེན་ དུ་མྱ་ངན་གྱི་མར་མེ་སྒྲོན་པ་སོགས་གནང་ཡོད་སྟབས། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༦ ཉིན།( ཕྱི་ཟླ་ ༥ ཚེས་ ༡༠ ཟེར་བ་ཞིག་ཀྱང་འདུག) རྒྱ་ནག་གི་ཉེན་རྟོག་པས་ཞོགས་ལྗང་དང་ཐེའུ་རང་གཉིས་ནུབ་བྱང་མི་རིགས་སློབ་ཆེན་ནས་འཛིན་བཟུང་བྱས་ཏེ། ཞོགས་ལྗང་ལ་ཕྱི་ཕྱོགས་ཀྱི་གཞོན་ནུ་ཚོགས་པ་དང་བླ་མ་ཤིང་གཟའ་ཚང་སོགས་ལ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ། ལན་ཀྲུག་ཁྲིམས་ཁང་ནས་ཟླ་གཅིག་ལྷག་རིང་ཞི་དྲག་གཉིས་ཐོག་ནས་འདྲི་རྩད་བཀག་བསྐྱིལ་བྱས་མཐར་ཀློད་བཀྲོལ་བཏང་།

ཐེའུ་རང་ཟི་ཁྲོན་ལ་ཁྲིད་དེ་ལོ་བཞི་ཡི་ཁྲིམས་ཐག་བཅད་དེ་ཕྱི་ལོ་༢༠༡༤ ཟླ་ ༣ ཚེས་ ༢༩ ཉིན་གློད་གྲོལ་བཏང་ཡོད། ཞོགས་ལྗངས་ཀྱི་དངོས་མིང་ལ་འབྲུག་ལོ་ཟེར་བ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་། རྒན་རྒྱ་ཡུལ་འཚོ་ཁ་རྒྱ་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཕ་ཚབ་ཀྱི་མིང་ལ་རྟ་མགྲིན་དང་མ་མིང་ལ་ལྷ་མོ་སྐྱིད་ཞུ་བ་དང་། ཁོང་ཕྱི་ལོ་ ༡༩༨༦ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༣༠ ཡིན་འདུག ཁོ་རང་སློབ་ཆེན་ཐོན་རྗེས་ཤེས་ཡོན་གྱི་ལས་ཀ་ཙག་ཙིག་རེ་བྱས་ཏེ་རང་འཚོ་བྱས་ཡོད། ད་ལྟ་ཁོང་གི་ནང་དུ་བཟའ་ཟླ་དང་ཕྲུ་གུ་ལོ་ན་ ༤ ལ་སོན་པ་གཅིག་ཡོད་ཅིང་། ཕྲུ་གུ་དེའི་མིང་ལ་རང་དབང་ལ་དགའ་བ་ཞེས་བཏགས་ཡོད་འདུག ཁོང་ནུབ་བྱང་མི་རིགས་སློབ་ཆེན་ནས་ཐོན་སྐབས། སྲིད་གཞུང་གིས་མཐར་ཕྱིན་རྒྱུགས་འགྲན་ནང་ཞུགས་བཅུག་མེད་པ་མ་ཟད། དུས་རྒྱུན་ཁོ་རང་གི་འགུལ་སྐྱོད་ལ་ལྟ་རྟོག་བྱེད་པ་དང་། ལས་ཀའི་ཐད་དུའང་དཀའ་རྙོག་མང་པོ་བཟོས་ཡོད་འདུག ཞོགས་ལྗང་ལགས་ཀྱིས་དེ་སྔ་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་སྤེལ་མྱོང་ཞིང་། རྒྱ་རིགས་མང་གཙོ་དོན་གཉེར་བ་ཝང་ལི་ཞུང་དང་ཡུ་ཅེ་སོགས་ཀྱི་རྩོམ་ཡིག་མང་པོ་བོད་བསྒྱུར་གནང་བ་དང་། ཁོང་གིས་དེ་སྔ་ལམ་གྱི་སྙིང་སྟོབས། ཞེས་པ་ཞིག་བྲིས་པ་དེ་རྒྱ་ནག་གིས་བཀག་སྡོམ་གཞུང་བཞེས་བཏང་ཡོད་པ་དང་། དེ་ལས་གཞན་རང་གྲོལ་སྙིང་སྟོབས་དང་། རང་དབང་གི་ཆེད་དུ། ང་ལ་བློ་འགྱོད་མེད། སྙུ་གུའི་སྟོབས། ཞེས་པའི་དཔེ་དེབ་ཁག་གཅིག་དཔར་སྐྲུན་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།།

Share this:
༢༠༠ ཀློག་གྲངས།