ཕྱི་སྡོད་བོད་མི་འཛུལ་ཞུགས་མི་ཐུབ་པའི་དྲ་རྒྱ།

རྩོམ་འབྲིའི་རང་དབང།  མདོར་ན་འགྲོ་བ་མིའི་ཐོབ་ཐང་མེད་པའི་ད་ལྟའི་བོད་ལྟ་བུར་མཚོན་ན། བོད་ཡིག་གི་དྲ་རྒྱ་མང་པོ་ཞིག་དང། ཟིན་བྲིས་མང་པོ་ཞིག་ཡོད་ཀྱང་དེ་དག་གི་ནང་དུ་རང་དབང་ལྡན་པའི་ངང་ནས་གསར་འགྱུར་ཉན་པ་དང་ཀློག་པ། སེམས་ཀྱི་ཚོར་བ་དངོས་འབྲི་བའི་རང་དབང་རྩ་བ་ནས་མེད་པར། རྒྱུན་དུ་དྲ་བ་ལྟ་ཀློག་བྱེད་མཁན་ལ་མཚོན་ན། དངངས་སྐྲག་གི་ངང་དུ་ལྟ་ཀློག་བྱེད་དགོས་ཀྱི་ཡོད།
བོད་དུ་ཡོད་པའི་བོད་མི་སུ་ཞིག་གིས་བཙན་བྱོལ་དུ་ཡོད་པའི་དྲ་རྒྱ་དང། འདྲ་པར་སོགས་ལ་བལྟས་ཚེ་འཛིན་བཟུང་དང་བཙོན་འཇུག་གི་མནར་གཅོད་མྱོང་དགོས་ཀྱི་ཡོད་ལ། སྤྱིར་བཙན་བྱོལ་གྱི་དྲ་རྒྱ་རིམ་ཐོན་བཞིན་བོད་ནང་དུ་ལྟ་ཀློག་བྱེད་རྒྱུ་ལྟ་ཞོག རྩ་བ་ནས་ཁ་འབྱེད་མི་ཐུབ་པའི་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད། ཉེ་ཆར་བོད་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་བརྗོད་པ་ལྟར་ན། བོད་ནང་གི་བོད་ཡིག་ཟིན་བྲིས་གྲགས་ཅན་བོད་ཀྱི་སྐད་ཡིག་དྲ་བ་ (www.tibettl.com) ད་སྐབས་ཁ་འབྱེད་ཐུབ་ཀྱི་མེད་པ་དེ། གསར་བཟོ་བྱེད་བཞིན་པ་ཞིག་མིན་པར། ཟིན་བྲིས་དེའི་ནང་དུ་ཕྱི་སྡོད་ཀྱི་བོད་པ་སུ་ཞིག་འཛུལ་ཞུགས་མི་ཐུབ་པ་ཞིག་བཟོ་ཡི་ཡོད་ཚོད་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་བ་མ་ཟད། མུ་མཐུད་ཟིན་བྲིས་གཞན་ཁག་ཀྱང་དེ་ལྟར་བཟོ་རྒྱུ་ཡིན་པ་གཏན་ཁེལ་རེད། འདིར་ཡོད་པའི་བོད་པ་རྣམས་བློ་ཕམ་ཆེན་པོ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་བྱུང།
རྒྱུ་མཚན་འདི་དག་ལ་བལྟས་ན། རྒྱ་གཞུང་གིས་བོད་མི་རྣམས་མིག་གདངས་མི་བཅུག་པར་ཁ་ས་ལ་མནན་ནས་དབུགས་སུབ་གཏོང་རྒྱུའི་འཆར་གཞི་འདི་དག་རང་དབང་ལུང་པར་ཡོད་པ་རྣམས་ཀྱིས་ཁྱབ་བསྒྲགས་རྒྱ་གང་ཆེ་བྱེད་རྒྱུ་གལ་ཆེ་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་གཉིད་སད་རན་པར་སྙམ་མོ།།   

Share this:
༨༩ ཀློག་གྲངས།