ཁྲིམས་རྩོད་པ་ཐེན་པའོ་ཡིས་རྒྱ་ནག་གི་དཔོན་རིགས་ལ་ངོ་རྒོལ་མཉམ་ཏུ་བྱེད་ཆོག་གི་རེད་ཟེར།

ཨ་རིར་གནས་སྡོད་རྒྱ་ནག་གི་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཐེན་པའོ་( Dr.Teng Biao)ལ་བཅར་འདྲི།

དྲི་བ། ཐོག་མར་ཁྱེད་རང་བོད་དོན་ལས་འགུལ་ལ་དོ་སྣང་བྱུང་སྟངས་ངོ་སྤྲོད་གནང་རོགས།

Dr.Teng Biao_2016
Dr.Teng Biao

ལན།  ཕྱི་ལོ་༢༠༠༣ལོར་ངས་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་ཀ་འགོ་བཙུགས་པ་ཡིན། ངས་དྲན་སོས་པར་ཕལ་ཆེར་༢༠༠༤ ལོར་ཝང་ལི་ཞོང་གི་ང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐོར་བཤད་བྱུང་། ཡིན་ནའང་ངས་སྐབས་དེར་གནད་དོན་དེའི་ཐོག་ལས་ཀ་བྱེད་མཁན་ཁྲིམས་རྩོད་པ་གཞན་པ་ཁག་ཅིག་ཡོད་པས། ང་དེ་ཙམ་མཉམ་ཞུགས་བྱས་མེད། ཡིན་ནའང་དེ་ནི་ངས་བོད་རིགས་དང་འབྲེལ་བའི་ཁྲིམས་གཏུག་སྐོར་ཐོག་མར་ཧ་གོ་སོང་ལ། ལོ་དེར་ངས་བོད་ནང་གི་གནས་སྟངས་དེ་ས་ཆ་གཞན་ལས་སྡུག་པ་ཡོད་པ་ཤེས་རྟོགས་བྱུང་སོང་།

དྲི་བ། རྒྱ་ནག་མང་གཙོ་དོན་གཉེར་བ་དང་བོད་མིའི་བར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཉམ་ལས་ག་རེ་ཐུབ་ཀྱི་རེད་དགོངས་ཀྱི་འདུག

ལན། མཉམ་དུ་བྱེད་རྒྱུ་མང་པོ་ཡོད་རེད། བོད་པ་དང་རྒྱ་ནག་མི་མང་གཉིས་མོས་ཀྱི་གོ་རྟོགས་གོང་སྤེལ་གཏོང་རྒྱུ། གྲོས་མོལ་དང། འབྲེལ་ལམ་ཡར་རྒྱས་བཏང་སྟེ་བོད་པ་དང་རྒྱ་རིགས་གཉིས་ཀྱི་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་བྱེད་ཐུབ་པ་བཟོ་རྒྱུ་ཡོད་རེད། བོད་རིགས་དང་རྒྱ་རིགས་གཉིས་ཀྱི་དབར་གྲོས་མོལ་དང་འབྲེལ་ལམ་ལོ་ཤས་རིང་བྱེད་བཞིན་ཡོད་རེད་ལ། རིམ་བཞིན་ཕན་ཚུན་གཉིས་མོས་ཀྱི་ཡིད་ཆེས་ཀྱང་གོང་འཕེལ་འགྲོ་ཡི་རེད། འབྲེལ་ལམ་དང་འབྲེལ་མཐུད་ཀྱི་རྣམ་པ་ཚང་མ་གལ་ཆེན་པོ་རེད། ཆོས་དང་རིག་གཞུང། སྐད་ཡིག གཙུག་ལག་སློབ་རིག་གི་བྱ་བཞག་དང་། གནད་དོན་གཞན་ཐོག་བགྲོ་གླེང་དང་གོ་བསྡུར་བྱས་ཏེ། མི་མང་གཉིས་ཀྱི་དབར་གཅིག་ལན་གཅིག་འཇལ་གྱི་འབྲེལ་བ་དེ་མུ་འཐུད་འགྲོ་དགོས་ཀྱི་རེད། དམིགས་བསལ་གྱི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་ཀྱི་ལས་འགུལ་ཐོག་ལ་མཉམ་དུ་ལས་ཀ་བྱེད་རྒྱུ་མང་པོ་ཡོད་རེད། དཔེར་ན་རྒྱ་ནག་གི་དཔོན་རིགས་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་བྱེད་སྐབས་ངོ་རྒོལ་མཉམ་ཏུ་རྒྱག་ཆོག་གི་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་ཁག་ཏུ་མཉམ་ཞུགས་བྱེད་སྐབས་ཕན་ཚུན་གཅིག་གིས་གཅིག་ལ་རོགས་བྱས་ཏེ། གནས་ཚུལ་དང་སོ་སོའི་ཉམས་མྱོང་བརྗེ་ལེན་བྱས་ཏེ་གཅིག་གིས་གཅིག་ལ་མཐུན་སྦྱོར་བྱས་པ་ཡིན་ན་ང་ཚོའི་ལས་འགུལ་ཚགས་ཚུད་པ་དང་ནུས་པ་ཡང་ཆེ་རུ་འགྲོ་ཡི་རེད། དེ་མིན་ངས་བོད་པའི་གྲོགས་པོ་ཁ་ཤས་ལའང་ཞུ་རྒྱུ་བྱུང་། བོད་པ་དང་རྒྱ་རིགས་འཐབ་རྩོད་པ་ཚོ་མཉམ་འབྲེལ་ཐོག་ནས་ཨ་རི་། ཡུ་རོབ་དང་། ཨེ་ཤི་ཡེའི་རྒྱལ་ཁབ་ཁག་ཏུ་དངོས་བྱུང་གློག་བརྙན་ཁག་སྟོན་རྒྱུ་དང་པར་རིས་འགྲེམས་སྟོན་བྱེད་རྒྱུ། རྒྱལ་སྤྱིའི་ཚོགས་འདུའི་ནང་གཏམ་བཤད་བྱས་ཏེ་བོད་དོན་གོ་རྟོགས་སྤེལ་ཐུབ་ཀྱི་རེད། གལ་ཏེ་ང་ཚོར་དེ་འདྲའི་འབྲེལ་མཐུད། སྡིངས་ཆ་དང་། བརྒྱུད་ལམ་ཡོད་ན་ང་ཚོས་འགྲུབ་ཐུབ་པ་མང་པོ་ཡོད་རེད།

དྲི་བ། ཁྱེད་རང་གི་གསུངས་པ་ལ་བོད་པ་དང་རྒྱ་རིགས་འཐབ་རྩོད་པ་ཚོས་ནུས་པ་མཉམ་དུ་སྤུངས་པ་ཡིན་ན་ནུས་པ་ཆེ་རུ་ཐོན་གྱི་རེད་ཞུ་ཡི་ཡོད་རེད་དམ།

ལན། སྤྱིར་བཏང་སོ་སོས་བྱེད་ཆོག་དང་ལས་འགུལ་སྤེལ་སྟངས་དང་ངོ་བོ་མི་འདྲ་བ་ཡོད་པས་ལས་འགུལ་ཚང་མར་མཉམ་འབྲེལ་ཐོག་བྱེད་དགོས་ཀྱི་རེད་ཞུ་ཡི་མེད། ཡིན་ནའང་ལས་འགུལ་མང་པོ་ཞིག་ལ་ཕན་ཚུན་གཅིག་གིས་གཅིག་གི་ལས་འགུལ་ནང་མཉམ་ཞུགས་དང་རྒྱབ་སྐྱོར་བྱེད་རྒྱུ་ཡོད་རེད། དཔེར་ན་པཎ་ཆེན་བླ་མ་ལ་སོགས་པའི་བོད་པའི་ཆབ་སྲིད་བཙོན་པ་གློད་གྲོལ་དགོས་པའི་ལས་འགུལ་ཐོག་རྒྱ་རིགས་འཐབ་རྩོད་པ་ཚོས་ངོ་དེབ་དང་twitter ལ་སོགས་པའི་སྤྱི་ཚོགས་དྲ་རྒྱའི་ཐོག་རྒྱབ་སྐྱོར་བྱེད་པ་དང་། ཡང་ང་ཚོས་ལིའུ་ཞ་པའོ་གློད་གྲོལ་དགོས་པའི་ལས་འགུལ་ཐོག་བོད་པ་ཚོ་མཉམ་ཞུགས་བྱས་ཏེ་རྒྱབ་སྐྱོར་བྱེད་རྒྱུ་ཡོད་རེད། དེ་ནི་ཕན་ཚུན་གྱི་ལས་འགུལ་ནང་མཉམ་ཞུགས་བྱེད་པ་ཙམ་མ་ཡིན་པར་ཕན་ཚུན་གཉིས་མོས་ཀྱི་ཡིད་ཆེས་དང་གོ་རྟོགས་བརྟན་པོ་བཟོས་ཏེ། བོད་རིགས་དང་རྒྱ་རིགས་དབར་གྱི་འབྲེལ་བ་དེ་ཟབ་ཏུ་གཏོང་གི་ཡོད་རེད།

དྲི་བ། རྒྱ་རིགས་མང་གཙོ་དོན་གཉེར་བ་དང་བོད་དོན་རྒྱབ་སྐྱོར་ཡོད་ཟེར་མཁན་ཁག་ཅིག་གིས་བོད་དེ་ལོ་རྒྱུས་ཐོག་རྒྱ་ཁོངས་ཡིན་པ་རྒྱ་ནག་དམར་ཤོག་གཞུང་གིས་བཤད་དང་ཁྱད་པར་མེད་པ་རེད། དེའི་ཐོག་ཁྱེད་ལ་དགོངས་ཚུལ་ག་རེ་ཡོད།

ལན། རྒྱ་རིགས་མང་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཁ་ཤས་ཀྱིས་རང་དབང་།  འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་རེད་ལ་དེའི་ཐོག་ལས་ཀ་བྱེད་ཀྱི་ཡོད་རེད། ཡིན་ནའང་སློབ་སྦྱོང་སྤྲོད་སྟངས་དང་རྒྱ་གཞུང་གི་དྲིལ་བསྒྲགས་སོགས་ལ་བརྟེན། བོད་དང་། ཐའེ་ཝན། ཤར་ཏུར་ཀི་སི་ཏན་གྱི་གནད་དོན་ཐོག་ཀླད་པ་འཁྲུས་བཤལ་བཏང་ཡོད་པ་རེད། ཁོང་ཚོའི་ད་དུང་ཡང་རྒྱ་ནག་ཆིག་སྒྲིལ་ཟེར་བ་དང་། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་ལུགས་ལ་སོགས་པའི་བསམ་བློར་ཡིད་ཆེས་བྱེད་ཀྱི་ཡོད་རེད། དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོག་ཁོང་ཚོའི་ཀླད་པ་ཕྱེད་ཀས་ཤེས་བཞིན་ཡོད་རེད། ཡིན་ནའང་ཀླད་པ་ཕྱེད་ཀ་རྒྱལ་ཞེན་དང་ལྟ་བའི་སློབ་གསོ་འོག་འཐིམ་ཡོད་རེད། མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་མཁས་དབང་འགའ་ཤས་ཡོད་རེད། ཡིན་ནའང་ཁོང་ཚོར་བོད་དོན་ཐོག་ཉམས་ཞིབ་དང་རྩོམ་རིགས་སོགས་རྒྱ་ནག་དམར་པོའི་གཞུང་གི་སློབ་སྦྱོང་སྤྲོད་སྟངས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད་ལ། དེ་ཡིས་ཁོ་རང་ཚོའི་གཙུག་ལག་སློབ་རིག་གི་ལས་ཀ་ལའང་གནོད་ཆེན་པོ་སྐྱེལ་གྱི་ཡོད་རེད།

དྲི་བ། བོད་རང་བཙན་ལས་འགུལ་གྱིས་རྒྱ་ནག་མང་གཙོ་ཆགས་རྒྱུར་ཕན་ཐོགས་ག་ཚོད་ཡོང་གི་རེད་དགོངས་ཀྱི་འདུག

ལན། དང་པོ་དེ་ལ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྨྲ་བརྗོད་རང་དབང་ཡོད་རེད། ཚང་མར་སོ་སོའི་བསམ་ཚུལ་བཤད་རྒྱུའི་ཐོབ་ཐང་ཡོད་རེད་ལ་བོད་མི་ཚོས་རང་བཙན་རྩོད་ལེན་བྱེད་ཆོག་གི་རེད། གཉིས་པ་དེ་ལ་ངའི་བསམ་པ་ལ་གལ་ཆེ་ཤོས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་དེ་གོ་དབང་ནས་ཕབ་སྟེ་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་ཞིག་ཐེབས་དགོས་ཀྱི་རེད། དེ་ནས་བོད་པའི་འཐབ་རྩོད་དང་རྒྱ་རིགས་ཀྱི་མང་གཙོའི་ལས་འགུལ་གཉིས་ལོགས་སུ་འཇོག་ཆོག་གི་རེད། གལ་ཏེ་ཁྱེད་ཚོས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཡིན་ན་ཁྱེད་ཚོར་རྒྱུ་མཚན་དགོས་ཀྱི་རེད། ངའི་བསམ་ཚུལ་ལ་རྒྱུ་མཚན་གལ་ཆེ་ཤོས་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཡི་ཡོད་པ་དང་བོད་པའི་ཆོས་དང་རིག་གཞུང། སྐད་ཡིག་སོགས་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་མ་བྱས་པ་མ་ཟད་དམར་ཤོག་གཞུང་གིས་རྩ་མེད་བཏང་ཡོད་རེད། དེ་དང་གཅིག་མཚུངས་ཀྱི་རྒྱ་རིགས་འཐབ་རྩོད་པ་ཚོས་ཀྱང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བྱེད་པ་དེར་འགོག་རྒོལ་བྱེད་ཀྱི་ཡོད་རེད་ལ་རྒྱལ་སྤྱིའི་ནང་དེར་རྒྱབ་སྐྱོར་དགོས་པའི་ལས་འགུལ་སྤེལ་གྱི་ཡོད་རེད།
ངས་བསམ་པར་གཉིས་ཀའི་དགྲ་བོ་དེ་རྒྱ་ནག་དམར་ཤོག་གཞུང་དེ་རེད། རྒྱ་ནག་མི་མང་མ་རེད། དེ་འདྲ་ཡིན་དུས་རྒྱ་ནག་མང་གཙོ་མ་ཆགས་སྔོན་ལ་གཉིས་ཀའི་དམིགས་ཡུལ་གཅིག་རེད་ལ་ལྷན་གཅིག་ཏུ་གནས་ཐུབ་པ་ཞིག་རེད། དེར་བརྟེན་དེ་ཡིས་ཕན་ཐོགས་པ་ལས་གནོད་ཀྱི་མ་རེད། ཡིན་ནའང་རྒྱ་ནག་མང་གཙོའི་རྒྱལ་ཁབ་ཆགས་ཟིན་པའི་རྗེས་རྙོག་གྲ་ཁ་ཤས་ཡོང་གི་རེད། དེའང་ངས་དེ་རིང་གི་གཏམ་བཤད་ནང་བཤད་པ་ལྟར། མང་གཙོ་ཐོག་མར་གཏན་འབེབས་བྱེད་སྐབས་སྲ་བརྟན་མེད་པ་དང་དེའི་ཐོག་བོད་པའི་རང་བཙན་གྱི་འབོད་སྒྲ་ཡིས་དཀའ་རྙོག་ཆེ་རུ་གཏོང་གི་རེད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་མཁས་དབང་དང་འཐབ་རྩོད་པ་འགའ་ཤས་ཀྱིས་རང་ཐག་རང་གཅོད་གྱི་ཐོབ་ཐང་དེ་མེད་པ་བཟོ་དགོས་པའི་བསམ་ཚུལ་ལོ་ཤས་རིང་གླེང་སློང་བྱས་ཡོད་པ་རེད།

དྲི་བ། ༡༩༨༩ ལོར་གནམ་སྡེ་སྒོ་མོ་རུ་རྒྱ་ནག་གི་མང་གཙོའི་ལས་འགུལ་ཤུགས་ཆེན་བྱུང་བ་རེད། དེ་རྗེས་ལས་འགུལ་དེ་འདྲ་ཤུགས་ཆེན་པོ་བྱུང་མ་སོང་བསམ། ད་ལྟ་ལས་འགུལ་དེ་འདྲ་ཆེན་པོ་ཞིག་ཡོང་ན་སྔོན་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་དྲག་གནོན་ཤུགས་ཆེན་བྱེད་ཐུབ་ཀྱི་རེད་དམ།

 ལན། དེ་ལབ་ཁག་པོ་རེད། དེ་ལ་བསམ་ཚུལ་དང་སྔོན་དཔག་གཉིས་ཀ་ཡོང་གི་རེད། གཅིག་ནི་རྒྱ་ནག་དམར་པོའི་གཞུང་གིས་སྔོན་འདྲ་པོ་མེ་མདའ་སྦག་སྦག་དང་འཐབ་འཁོར་རིགས་བེད་སྤྱོད་བྱས་ཏེ་ངོ་རྒོལ་བ་མེད་པ་བཟོ་རྩིས་བྱེད་ཀྱི་རེད། གཉིས་ནས་སྔོན་དང་གཅིག་པ་བྱེད་མདོག་མ་རེད། གང་ལ་ཟེར་ན་དམར་ཤོག་ཚོགས་པའི་དཔོན་རིགས་ནང་དུ་བསམ་ཚུལ་མི་འདྲ་བ་ཡོང་སྲིད་པ་རེད། ཡིན་ནའང་བྱེད་སྲིད་མི་སྲིད་ཐོག་ནས་བཤད་ན་༡༩༨༩ ལོར་བྱེད་པ་འདྲ་པོ་བྱེད་མདོག་མ་རེད། སྐབས་དེར་ཏིང་ཞའོ་ཕིང་སྟོབས་ཤུགས་དང་དབང་ཤུགས་ཆེ་བའི་སྲིད་དབང་སྒེར་འཛིན་པའི་དཔོན་པོ་ཞིག་རེད། དེང་སང་མི་མང་གི་དམར་ཤོག་ཚོགས་པར་ལྟ་སྟངས་མི་འདྲ་བ་ཡོད་རེད་ལ་རྒྱལ་སྤྱིའི་ནང་དུའང་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་རེད། སྔོན་མ་དམར་ཤོག་ཚོགས་པའི་གཞུང་མང་པོ་ཡོད་རེད། ཡིན་ནའང་དེང་སང་རྒྱལ་ཁབ་དེ་ཚོ་མང་ཆེ་བ་མང་གཙོར་གྱུར་ཡོད་རེད། དེ་ལྟ་བུའི་སྡེབས་གསོད་བཏང་བ་ཡིན་ན་རྒྱལ་སྤྱིའི་གནོན་ཤུགས་ཆེན་པོ་ཡོང་ངེས་རེད། དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་བསམ་བློ་གཏོང་རྒྱུ་ཞིག་ཆགས་ཡོད་རེད། གང་ལ་ཟེར་ན་གལ་ཏེ་ལོ་ངོ་༢༧ སྔོན་ལྟ་བུ་དབང་ཤུགས་བེད་སྦྱོད་བྱས་པ་ཡིན་ན་ཁོ་རང་ཚོའི་དབང་ཤུགས་བརླགས་པའི་ཉེན་ཁ་ཡོད་རེད། དེར་བརྟེན་ང་ཚོའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་སོགས་པའི་ཞི་བའི་ལས་འགུལ་དང་གོ་རྟོགས་མི་མང་ཁྲོད་གང་མང་སྤེལ་དགོས་ཀྱི་རེད། མི་མང་ནང་ལ་ཞི་བའི་ལས་འགུལ་གྱི་གོ་རྟོགས་མང་དུ་སོང་བ་ཡིན་ན་དམག་མི་དང་དམག་དཔོན་ཚོར་གནོན་ཤུགས་གང་ལ་གང་འཚམ་ཞིག་ཐེབས་ཀྱི་རེད།།
གསར་འགོད་པ་བསྟན་འཛིན་དགའ་འཕེལ་དང་ཆོས་ཉིད་འོད་ཟེར་གྱིས་༢༠༡༦།༥།༥ ཉིན་བཅར་འདྲི་བྱས།

Share this:
༡༧ ཀློག་གྲངས།