དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག།

སྦར་སིལ་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་རྩ་དགོངས་ཞུས་པ་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་ཡོད་པ་བཀའ་ཤག་གིས་ཟླ་འདིའི་ཚེས་༡༠ ཉིན་གསལ་བསྒྲགས་སྤེལ་ཡོད་པ་རེད།

MG_48802དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་སྦེལ་ལྗམ་གྱི་ལས་གཉེར་ཐོངས་མཆན་ཐོན་ཚེས་དང་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ གང་སྔ་ནས་ལས་བཅར་ཞུ་དགོས་ཀྱི་ཡོད་པ་དང་། བཀྲ་ཤིས་ཕུན་ཚོགས་ནི། ཕྱི་ལོ་༡༩༧༣ ལོར་རྒྱ་གར་ཅན་དྷི་སྒར་པན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་ལོ་གསུམ་རིང་སློབ་སྦྱོང་དང། དེ་རྗེས་སྦེང་ལོར་དུ་དགེ་རྒན་འོས་སྦྱོང་གནང་། ཕྱི་ལོ་ ༡༩༧༧ ལོར་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་སློབ་གྲྭར་ལོ་ངོ་དྲུག་རིང་སློབ་དགེ་གནང་ཡོད། ཕྱི་ལོ་ ༡༩༨༣ ལོར་སླར་ཡང་ཅན་ངྷི་སྒར་པན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་ལོ་གསུམ་རིང་ཁྲིམས་ལུགས་ཀྱི་ཆེད་ལས་ཐོག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༦ ལོར་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་སུ་བསྐོ་གཞག་གནང་བ་ལྟར། ལོ་དྲུག་རིང་ཟུང་དྲུང་དང་དྲུང་ཆེའི་ལས་འགན་ཐོག་ཕྱག་ལས་གནང་།

ཕྱི་ལོ་ ༡༩༩༧ ནས་ཕྱི་ལོ་ ༢༠༠༡ བར་ལྷོ་ཨ་ཧྥི་རི་ཀའི་སྐུ་ཚབ་དོན་གཅོད་དང་།  ཕྱི་ལོ་ ༢༠༠༡ ནས་ ༢༠༠༥ བར་ཧྥ་རན་སི་དང་སྦར་སིལ་སྐུ་ཚབ་དོན་གཅོད་དུ་གནས་སྤོས་གནང་། དེ་རྗེས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་དང་། སྦེང་ལོར་ལྷོ་སྤྱིའི་ལས་འགན་ཐོག་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༨ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གནང་།།

Share this:
༧༢ ཀློག་གྲངས།