དངོས་ཁམས་རིག་པས་དཔྱད་འབྲས་ཀྱི་རྙེད་དོན་ངོ་མཚར་དུ་བརྩི་བ་རྣམས་ཀྱང་སྟོན་པ་སངས་རྒྱས་ཀྱིས་ཀུན་རྫོབ་གཏན་ལ་ཕབ་པའི་ཆ་ཤས་ལས་བརྒལ་དུ་མེད།

མཁན་པོ་རྒྱལ་མཚན་ཕུན་ཚོགས།

༄༅།  །འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་རྒྱུད་ལུགས་ས་ག་ཟླ་བའི་ཚེས་བཅོ་ལྔ་ནས་ཉིན་གྲངས་གསུམ་རིང་སངས་རྒྱས་ཀྱི་དུས་ཆེན་ཐེངས་གཉིས་པ་སྲུང་བརྩི་ཞུས།

sherab_2016_5_21སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་རང་ཅག་ཚེ་ལོ་བརྒྱ་པའི་སེམས་ཅན་གྱི་དོན་དུ་དམིགས་བསལ་སྨོན་ལམ་བཏབ་པ་ལྟར། བསྐལ་པ་གྲངས་མེད་མང་པོའི་རིང་སེམས་ཅན་གྱི་དོན་ཤ་སྟག་མཛད། མཐར་རྒྱ་གར་རྡོ་རྗེ་གདན་དུ་སངས་རྒྱས་ཏེ། སེམས་ཅན་རང་རང་གི་སྐལ་བ་དང་། བསམ་པའི་ཁྱད་པར། དད་མོས་ཀྱི་ཉེར་ལེན་དང་འཚམས་པར་ཐབས་ལ་མཁས་པས་གདུལ་བྱ་ཐུན་མོང་གི་ངོར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་ལྷ་ཀླུ་སོགས་གནས་དང་རྟེན་མ་ངེས་པར་ཐུན་མིན་གསང་བ་སྔགས་ཀྱི་འཁོར་ལོས་འགྲོ་བ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་པའི་བཀའ་དྲིན་གྱི་ཚད་གཞལ་དུ་མ་མཆིས་པ་སྤྱི་དང་།

བྱེ་བྲག་ཏུ་མཛད་པ་ཀུན་གྱི་མཆོག་གསུང་གི་མཛད་པ་ལ་བརྟེན་ནས། རྒྱ་གར་འཕགས་པའི་ཡུལ་དུ། ཤེས་རབ་དང་ཡེ་ཤེས། མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་བརྙེས་པའི་སྤྲུལ་པའི་ཉན་ཐོས་དང་སྟོན་པའི་གཏད་རབས། ཡོངས་སུ་གྲགས་པ་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་སོགས་པཎྜི་ཏ་དང་གྲུབ་ཐོབ། གངས་ཅན་བོད་ཀྱི་ཡུལ་དུ་སྤྲུལ་པའི་ཆོས་རྒྱལ་དང་ལོ་པཎ་སོགས་བསྟན་པ་སྔ་ཕྱི་དར་གྱི་བཤད་སྒྲུབ་བསྟན་པའི་སྲོལ་འབྱེད་དང་རྒྱུན་འཛིན་མཁས་གྲུབ་དཔག་ཏུ་མེད་པ་བྱོན་པ་རྣམས་དང་། གཞན་ཡང་འཛམ་གླིང་ནང་པའི་རྒྱལ་ཁབ་མང་པོར་རྒྱལ་བསྟན་སྲོལ་འབྱེད་རྒྱུན་འཛིན་གྱི་མཁས་གྲུབ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱི་འབྱུང་ཁུངས་ནི་སྟོན་པ་བཀའ་དྲིན་ཅན་ཁོ་ན་ཡིན་ཞིང་། དེ་དག་ལ་བརྟེན་ནས་བཤད་སྒྲུབ་བསྟན་པའི་ཆུ་རྒྱུན་ཆད་པ་མེད་པས་འགྲོ་བ་སྤྱི་དང་ཁྱད་པར་འགྲོ་བ་མིའི་ལུས་སེམས་ཀྱི་གདུང་བ་སེལ་བའི་སྨན་དཀར་པོ་གཅིག་ཐུབ་ལྟ་བུ་ནང་པ་སངས་རྒྱས་པའི་ཆོས་ཞེས་ཡོངས་སུ་གྲགས་པའང་སྟོན་པ་བཀའ་དྲིན་ཅན་སངས་རྒྱས་ཉག་གཅིག་ལས་བྱུང་བ་ཤ་སྟག་གོ།

སངས་རྒྱས་དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་སུམ་སྟོང་ཟིན་ལ་ཉེ་བའི་སྐབས་འདི་དག་ཏུའང་། ཤེས་ཡོན་དང་སྒྲིག་འཛུགས། ཚོང་ལས་དང་དཔལ་འབྱོར། འཆར་གཞི་དང་ལམ་ལུགས། ཁོར་ཡུག་དང་འཕྲོད་བསྟེན་སོགས་ངོ་མཚར་བ་དེང་རབས་ཡར་ཐོན་ཅན་གྱི་མི་རིགས་དང་རྒྱལ་ཁབ་ཏུ་བརྩི་འོས་པ་རྣམས་ཀྱང་ནང་སེམས་ཀྱི་ཞི་བདེ་དང་། མཛའ་མཐུན་མཉམ་གནས། དུས་བདེ་ཞོད་འཇགས་ཡང་དག་པ་ཞིག་ཡོང་བ་ལ། གཞན་གཅེས་འཛིན་དང་ཆོག་ཤེས་ཀྱི་ཀུན་སློང་། རྟེན་འབྱུང་གི་ལྟ་བ་དང་འཚེ་མེད་ཀྱི་སྤྱོད་པ་སོགས་སངས་རྒྱས་ཀྱི་གདམས་པའི་སྙིང་བཅུད་ཀྱི་ཤུགས་རྐྱེན་ལས་ཐབས་གཞན་མེད་པ་དངོས་མཐོང་ལག་ཟིན་དུ་གྱུར་དང་འགྱུར་བཞིན་པ་སོགས་གཉན་འཕྲང་ཅན་གྱི་དུས་འདིར་ཡང་ལོངས་སུ་སྤྱོད་པའི་སྐལ་པ་དང་ལྡན་ཚེ་སངས་རྒྱས་ཀྱི་གསུང་ལས་ལྷག་པའི་སྣོད་བཅུད་ལེགས་པར་འཚོ་བའི་སྨན་ཞིག་མེད་པ་དང་།

སྒོས་སུ་དེང་རབས་དངོས་ཁམས་རིག་པས་དཔྱད་འབྲས་ཀྱི་རྙེད་དོན་ངོ་མཚར་དུ་བརྩི་བ་རྣམས་ཀྱང་སྟོན་པ་སངས་རྒྱས་ཀྱིས་ཀུན་རྫོབ་གཏན་ལ་ཕབ་པའི་ཆ་ཤས་ལས་བརྒལ་དུ་མེད་ཅིང་། དེར་བརྟེན་སྟོན་པ་བཀའ་དྲིན་ཅན་ནི་སེམས་ཁམས་དང་དངོས་ཁམས་ཀྱི་གནས་ཚུལ་དང་སྣང་ཚུལ་མཐའ་དག་གཏན་ལ་ཕབ་པའི་དོན་གྱི་ཚན་རིག་མཁན་པོ་ཞིག་ཏུ་གྱུར་གཤིས་དེང་རབས་ཚན་རིག་མཁས་པ་རྣམས་ཀྱང་འགྲམ་ཆུ་མི་ལྡང་ཀ་མེད་དུ་གྱུར་པར་བརྟེན། ཕྱི་དངོས་པོའི་རྗེས་ལུས་ཧ་ཅང་ཆེ་བའི་རང་ཅག་བོད་ནང་པ་སངས་རྒྱས་པའི་ཡུལ་སྲོལ་གོམས་གཤིས་དང་བཅས་པར་སྔོན་ཐོན་རྒྱལ་ཁབ་ཀྱི་མི་རིགས་མང་པོས་མཐོང་ཆེན་དང་བརྩི་བཀུར་བྱུང་དང་འབྱུང་བཞིན་པའང་སྟོན་པ་སངས་རྒྱས་ཀྱི་བཀའ་དྲིན་གྱི་རྒྱ་ལས་འདའ་བ་མེད་པའི་དན་རྟགས་ཤིན་ཏུ་གསལ་བ་དང་།

རང་ཅག་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་འཛམ་གླིང་ཕྱོགས་གང་སར་འཁོད་པའི་སྐྱེ་བོ་རྣམས། མི་རིགས་གཞན་དང་བསྡུར་ཚེ། དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས། བླང་དོར་གྱི་ཤན་འབྱེད་པ་ལ་མི་རྨོངས་པ། གཞན་ཕན་དང་བྱམས་བརྩེའི་རིན་ཐང་ངོ་ཤེས་པ། ཕ་མ་དང་སློབ་དཔོན་སོགས་ལ་དྲིན་ལན་འཇལ་རྒྱུའི་གོམས་ཤིས་ཡོད་པ།  ཚེ་འདིའི་དཔལ་འབྱོར་དང་མངའ་ཐང་གི་སྙིང་པོ་ལེན་ཤེས་པ་སོགས་མདོར་ན་འཕྲལ་ཕུག་དགེ་ལེགས་ཀྱི་ཕུང་པོ་མཐའ་དག་གི་འབྱུང་ཁུངས་སྟོན་པ་བཀའ་དྲིན་ཅན་རྫོགས་པའི་སངས་རྒྱས་ཉག་གཅིག་ལས་མེད་པ་སོགས་རྒྱུ་མཚན་ཧ་ཅང་ཆེ་བར་བརྟེན།  གང་གི་བཀའ་དྲིན་རྗེས་དྲན་དུ་ཆོས་ཀྱི་དགའ་སྟོན་ཁྱད་དུ་འཕགས་པ་ཞིག་ཞུ་དགོས་ཞེས་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་དོན་ཡོད་གྲུབ་པ་མཆོག་ནས་ཡང་ཡང་བཀའ་བསྩལ་པ་བཞིན། འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ། བོད་རྒྱལ་ལོ་ ༢༡༤༢ རབ་བྱུང་བཅུ་བདུན་པའི་ཤིང་ལུག ས་ག་ཟླ་བའི་ཚེས་བཅོ་ལྔ་ནས་ཉིན་གྲངས་གསུམ་གྱི་རིང་མཛད་སྒོ་བསྐྱངས་ཏེ་སངས་རྒྱས་ཀྱི་དུས་ཆེན་སྲུང་བརྩི་ཞུ་བའི་སྲོལ་ཐོག་མར་ཕྱེས།

sherab1_2016_5_21བོད་རྒྱལ་ལོ་ ༢༡༤༣ རབ་བྱུང་བཅུ་བདུན་པའི་མེ་སྤྲེལ། རྒྱུད་ལུགས་ས་ག་ཟླ་བའི་གྲལ་ཚེས་བཅོ་ལྔ་ནས་ཉིན་གྲངས་གསུམ་གྱི་རིང་། རྟེན་གསུམ་བཤམས་བཀོད་མདུན་ཉེར་སྤྱོད་དངོས་འབྱོར་གྱི་མཆོད་པ་རྒྱས་པར་སྤྲོས་ཏེ། ཉིན་དང་པོ་སངས་རྒྱས་རབ་བདུན་གྱི་ཆོ་ག་སྔོན་དུ་བཏང་སྟེ། གཙོ་ཆེར་ཕྱི་ཉན་ཐོས་ཐེག་པ་ལས་བརྩམས་པའི་ཆོས་བཤད། བགྲོ་གླེང་། རིགས་ལམ། ཉིན་གཉིས་པར་ཉེ་སྲས་བརྒྱད་ཆོག་སྔོན་དུ་བཏང་སྟེ། གཙོ་ཆེར་ནང་བྱང་སེམས་ཐེག་པ་ལས་བརྩམས་པའི་ཆོས་བཤད། བགྲོ་གླེང་། རིགས་ལམ། ཉིན་གསུམ་པར་དཔལ་དགྱེས་པ་རྡོ་རྗེའི་ཆོ་ག་སྔོན་དུ་བཏང་སྟེ། གཙོ་ཆེར་གསང་བ་སྔགས་ཀྱི་ཐེག་པ་ལས་བརྩམས་པའི་ཆོས་བཤད། བགྲོ་གླེང་། རིགས་ལམ། གཞན་ཡང་སྨན་དང་རྩིས། སྒྲ་དང་སྙན་ངག བརྡ་སྤྲོད་སོགས་ཀྱི་བཤད་པ་དང་བགྲོ་གླེང་བཅས་དམ་པའི་ཆོས་ཀྱི་མཆོད་སྤྲིན་རྒྱས་སྤྲོས་ཀྱིས་སྟོན་པ་བླ་ན་མེད་པའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་རྣམ་དཀར་ཚོགས་གསོག་དང་འབྲེལ་བའི་སངས་རྒྱས་ཀྱི་དུས་ཆེན་ཐེངས་གཉིས་པའི་མཛད་སྒོ་ལེགས་པར་གྲུབ་པར་བྱས་སོ།།

མཁན་པོ་རྒྱལ་མཚན་ཕུན་ཚོགས།

Share this:
༣༤༤ ཀློག་གྲངས།