དོན་ཚན་བཅུ་བདུན་ད་ལྟའི་སྲིད་བྱུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༩༦     ཕྱི་ལོ་ ༢༠༡༦/༥/༢༥   
རྒྱ་དམར་གཞུང་དང་བོད་གཞུང་དགའ་ལྡན་ཕོ་བྲང་གི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་མི་ལོ་ཧྲིལ་པོ་༦༥ འཁོར་བ་དང། མང་པོ་ཞིག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོ་རྒོལ་དང། ད་ལྟའི་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དོན་དམ་པར་དོན་ཚན་བཅུ་བདུན་དུ་གསལ་བའི་ཆ་རྐྱེན་ཁག་དང། ད་ལྟའི་མི་རིགས་ས་གནས་རང་སྐྱོང་གི་དགོས་འདུན་ཁག་གཤིབས་བསྡུར་བྱས་ན། ཡིག་ཆ་འདི་ཉིད་འདོན་མཁན་གཙོ་བོ་སུ་ཡིན་མིན་ཙམ་ལས་དོན་དུ་རང་དབང་གི་ཆ་རྐྱེན་དོན་ཚན་བཅུ་བདུན་ཅུང་ཙམ་མཐོ་བ་ལྟ་བུ་ལས་དམའ་བ་མེད་པ་ཧ་ཅང་གསལ་པོ་རེད། དཔེར་ན་དོན་ཚན་བཅུ་བདུན་ནང་རྒྱལ་པཎ་གཉིས་ཀྱི་སྐུ་དབང་རང་འཇགས་བྱེད་རྒྱུའི་སྐོར་འཁོད་ཡོད་པ་དང། མི་རིགས་ས་གནས་རང་སྐྱོང་གི་བསམ་འཆར་ཡིག་ཆའི་ནང་མ་འོངས་པར་མུ་མཐུད་རྒྱུན་འཁྱོངས་གསུམ་ཁས་ལེན་བྱེད་རྒྱུ་ཡིན་པ་གསལ་པོ་འཁོད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་དབང་རང་འཇགས་འཇོག་རྒྱུ་གཏན་འཁེལ་བྱས་ཡོད་པ་དེ་ནི། ལག་བསྟར་ཇི་ལྟར་བྱེད་ཐུབ་མིན་ལ་མ་ལྟོས་པར། ཚིག་དོན་རང་གི་ཐོག་ནས་བཤད་ན་བོད་མི་རིགས་ཀྱི་དབུ་འཁྲིད་བོད་པ་རང་ཉིད་ཀྱིས་བྱེད་ཆོག་གི་ཡོད་པ་དང། རྒྱུན་འཁྱོངས་གསུམ་ཁས་ལེན་བྱས་ཟིན་པའི་རྗེས་སུ་གུང་ཁྲན་ཏང་གི་དབུ་འཁྲིད་རྒྱུན་འཁྱོངས་དང། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སོགས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པས། ༧གོང་ས་མཆོག་དང། ༧པཎ་ཆེན་རིན་པོ་ཆེ་ཡིན་མིན་ལ་མ་ལྟོས་པར་བོད་མི་རིགས་ཀྱི་འགོ་ཁྲིད་དུ་སུ་བསྐོ་མིན་རྒྱ་དམར་གཞུང་གིས་གང་བྱེད་ཡིན་པ་དང། མང་གཙོའི་ལམ་ནས་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་དང་ཐེ་གཏོགས། དབང་ཆ་བཅས་གང་ཡང་ཡོང་སའི་ལམ་ཁ་མེད་པ་གཅིག་མཚུངས་ཡིན་ཡང། གནད་དོན་འདི་གཉིས་ལ་གཞི་རྩའི་ཐོག་ནས་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་ཡོད།
རྩ་བས་ད་ལྟའི་ཆར་བོད་ས་སྟོད་སྨད་བར་གསུམ་རྒྱ་དམར་གཞུང་གི་བཙན་གནོན་དམ་དྲག་འོག་ཐོབ་ཐང་དང་རང་དབང་གང་ཡང་མེད་ཀྱང། མ་འོངས་པའི་ཕུགས་རྒྱང་རིང་པོའི་ཐོག་ནས་བསམ་བློ་བཏང་ན་འཐབ་རྩོད་ཀྱི་དམིགས་ཡུལ་རྒྱ་ཆེན་པོ་ཞིག་འཛིན་དགོས་པ་དེ་ཧ་ཅང་གལ་ཆེ། སྤྱིར་འགྲུབ་དཀའ་བའི་དམིགས་ཡུལ་རྒྱ་ཆེན་པོ་ཞིག་འཛིན་མི་རུང་བའི་བསམ་ཚུལ་ཡོད་མཁན་ཧ་ཅང་མང་བ་མ་ཟད། བོད་རང་བཙན་སླར་གསོའི་དམིགས་ཡུལ་བཟུང་ན་དེ་འགྲུབ་ཐབས་མེད་པ་ཞིག་རེད་ཅེས་མི་སྣ་མཐོ་དམན་རབ་འབྲིང་དུ་མས་ཁ་རྡུང་གཏོང་རྐྱང་བྱེད་ནའང། རྩ་བས་བོད་མི་རིགས་དེ་འགྲུབ་དཀའ་བའི་དམིགས་ཡུལ་ཆེན་པོ་ལ་རེ་བ་རྒྱག་རྒྱུའི་གོམས་གཤིས་སམ་སྟོང་བསམ་ཆེན་པོ་ཡོད་པ་ཞིག་ཡིན་པ་ནི་བོད་རེ་བས་ཕོངས་ཞེས་པ་དེས་ར་སྤྲོད་གསལ་པོ་བྱས་ཡོད། ནང་པ་སངས་རྒྱས་པའི་ཆོས་བོད་དུ་དར་བ་ནས་བཟུང་རིམ་པས་བོད་ལ་དེའི་གོམས་གཤིས་དེ་འཇགས་པ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་ཡོད་དམ།
དཔེར་ན་བོད་མི་ཕལ་ཆེ་བས་ཐེག་ཆེན་པ་ཡིན་པར་ཁས་འཆེ་བ་དང། ཡིན་སྙམ་པའི་སྤོབས་ཡོད་མཁན་ཡང་ཡོད་པ་རེད། དོན་དུ་ཐེག་ཆེན་པ་ཞིག་ཡིན་ན་བདག་ལས་གཞན་གཅེས་མཁན་ཞིག་ཡིན་དགོས་པ་དེ་རྩ་བའི་རྩ་དོན་ཡིན་མོད། ཕར་བལྟས་ན་དེ་ལྟ་བུའི་ཉམས་ལེན་བྱེད་མཁན་ཞིག་ཕལ་ཆེར་ད་ལྟའི་ཆར་མཐོ་དམན་རབ་འབྲིང་ཚང་མའི་ནང་དུ་མེད་ཚོད་ལྟ་བུ་འདུག་ལ། ང་ལ་ཅིག་བྱས་སོང་རབ་དང། ང་བློ་ཕམ་སོང་ཞེས་ཤོད་མཁན་འབའ་ཞིག་ལས་མེད་པས་དོན་དུ་འདི་ཡང་འགྲུབ་ཐབས་མེད་པའི་དམིགས་ཡུལ་ཆེན་པོ་ཞིག་ཏུ་གྱུར་ཡོད། བརྩོན་པ་རྒྱ་ཆེན་པོ་མེད་བཞིན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུའི་རེ་བ་བརྒྱབ་པ་དེ་སྟོང་བསམ་མ་ཡིན་ན། ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་ཤོར་ནས་ད་བར་འཛམ་གླིང་གི་རྒྱལ་ཁབ་༡༡༤ ཙམ་ལ་རང་བཙན་ཐོབ་པའི་གནས་སྟངས་འདི་དང། དུས་རབས་ཉེར་གཅིག་པ་ཤར་ནས་ཀྱང་རང་བཙན་ཐོབ་པ་མང་པོ་བྱུང་ཡོད་པས། བོད་པ་གཅིག་པུས་རང་བཙན་གྱི་དམིགས་ཡུལ་བཟུང་བ་ནོར་འཁྲུལ་ག་ལ་ཡིན།
མདོར་ན་རང་ཉིད་ཀྱི་འདོད་མོས་མེད་པའི་ལངས་ཕྱོགས་གང་ཡིན་པ་དེའི་ངོ་བོ་དང་དམིགས་ཡུལ་ཆ་ཚང་ཤེས་དགོས་པ་དང། རང་ཉིད་ཀྱིས་རྒྱབ་སྐྱོར་དང་མོས་མཐུན་ཡོད་པའི་ལངས་ཕྱོགས་དེ་ཡང་ངོ་བོ་དང་རྣམ་གཞག དམིགས་ཡུལ་བཅས་ཆ་ཚང་ཤེས་ནས་ཡིད་ཆེས་རྙེད་དགོས་པ་ཧ་ཅང་གལ་ཆེ། ལངས་ཕྱོགས་ཁག་ཅིག་འཛིན་མཁན་དག་མི་སྣ་ཆེན་པོ་ཡིན་པ་དང། ལངས་ཕྱོགས་ཅིག་ཤོས་འཛིན་མཁན་དག་ནུས་པ་དང་འཁོར་སློབ་མེད་མཁན་གྱི་མི་མང་དཀྱུས་མ་འབའ་ཞིག་ཡིན་པ་ཁོ་ན་ལ་བལྟས་ནས་རྗེས་སུ་འབྲངས་དང་མི་འབྲང་གི་ཐག་གཅོད་བྱེད་པ་ནི། རི་བོང་ཅལ་འདྲོགས་སམ་རྟོན་བཞིའི་འཇུག་ལྡོག་ནོར་བའི་བྱེད་སྟངས་ཤིག་རེད་ཅེས་བརྗོད་ཆོག་ལ། རང་ཉིད་ཀྱི་ལངས་ཕྱོགས་དང་གཞན་གྱི་ཐག་གཅོད་གང་ཡིན་ཡང་དེ་དག་གི་རྒྱབ་ལྗོངས་རྒྱུ་མཚན་དང་བཅས་ཤེས་ནས་ངོས་འཛིན་གསལ་པོ་ཐོབ་པ་དག་ནི། མང་གཙོའི་སྤྱི་ཚོགས་ནང་རླབས་ཆེན་གྱི་ལངས་ཕྱོགས་ཡོད་མཁན་གྱི་མི་སྣ་འབའ་ཞིག་ཏུ་ངོས་འཛིན་བྱེད་ཆོག།།

Share this:
༨༩ ཀློག་གྲངས།