བཀའ་བློན་བདུན་གྲོས་ཚོགས་ནང་མང་མོས་བསྐོ་བཞག

ཟླ་འདིའི་ཚེས་༡ ཉིན་བོད་མི་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་སྐབས་བཅོ་ལྔ་པའི་བཀའ་ཤག་གི་བཀའ་བློན་རྣམས་ཀྱི་འོས་མི་སྲིད་སྐྱོང་བློ་བཟང་སེང་གེས་མིང་འདོན་གནང་བ་དང་། གྲོས་ཚོགས་ནང་ཚང་མར་དགག་པ་བྱུང་བར་བརྟེན། འོས་བསྡུ་བྱས་རྗེས། བཀའ་བློན་ཚང་མར་མང་མོས་འོས་ཐོབ་བྱུང་སྟེ། བཀའ་བློན་དུ་བསྐོ་བཞག་བྱས་ཡོད་པ་རེད།

mp_2016_6_1དེ་ཡང་བཀའ་བློན་འོས་མི་ལ་དགག་པ་རྒྱག་མཁན་ཚོས་མ་འོངས་པར་ཅིག་མ་འགྲིག་ན་གྲོས་ཚོགས་ནས་སྤྱི་མོས་བཏང་བ་རེད་ཟེར་བ་མ་ཡོང་པའི་ཆེད་དུ་དགག་པ་རྒྱག་གི་ཡོད་སྐོར་དང་། སྐབས་སྔོན་མའི་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་ལ་བརྟེན་ནས་བཀའ་བློན་འོས་མི་ཚང་མར་དགག་པ་རྒྱག་གི་ཡོད་སྐོར་གསུངས་པ་དང་། སྲིད་སྐྱོང་གིས་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པར་གསལ་བའི་བཀའ་བློན་གྱི་འོས་ཆོས་རྣམས་ཡོངས་རྫོགས་ཚང་ཡོད་ཅེས་གསལ་བཤད་གནང་ཡོད་པ་རེད།

ཐོག་མར་སྲིད་སྐྱོང་གིས་བཀའ་བློན་ཟུར་པ་དངོས་གྲུབ་ཚེ་རིང་གི་ལོ་རྒྱུས་མདོར་བསྡུས་སྒྲོགས་སྦྱང་བྱས་པ་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིག་གིས་དགག་པ་བརྒྱབ་པར་བརྟེན། འོས་བསྡུ་བྱས་རྗེས། ཁོང་ལ་འོས་གྲངས་༢༩ ཐོབ་སྟེ། མང་མོས་བྱུང་ཡོད་པ་རེད།

གཉིས་པ་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལ་རྒྱ་རིག་ཐར་གྱིས་དགག་པ་བརྒྱབ་པ་དང་། འོས་བསྡུའི་རྗེས། འོས་གྲངས་༣༧ ཐོབ་སྟེ་མང་མོས་བྱུང་།
གསུམ་པ་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལ་སྤྱི་འཐུས་ཟླ་བ་ཕུད་སྐྱིད་ཀྱིས་དགག་པ་བརྒྱབ་པ་དང་། འོས་བསྡུའི་རྗེས་འོས་གྲངས་༣༨ ཐོབ་སྟེ་མང་མོས་བྱུང་ཡོད་པ་རེད། དེ་བཞིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་དེ་རྗེས་ཀྱི་བཀའ་བློན་འོས་མི་ཚང་མར་དགག་པ་ཡོད་ཅེས་གསུངས་པར་བརྟེན། བཞི་པ་དྲུང་ཆེ་བླ་བྲང་འཕགས་པ་ཚེ་རིང་ལ་འོས་གྲངས་༣༡ ཐོབ་སྟེ་མང་མོས་བྱུང།
ལྔ་པ་སྤྱི་ཟུར་ཀརྨ་ཡེ་ཤེས་ལ་འོས་གྲངས་༢༧ ཐོབ་སྟེ་མང་མོས་བྱུང།
དྲུག་པ་སྤྱི་ཟུར་ཆོས་སྐྱོང་དབང་ཕྱུག་ལ་འོས་གྲངས་༢༤ ཐོབ་སྟེ་མང་མོས་བྱུང།
བདུན་པ་སྤྱི་འཐུས་ལས་ཐོག་ཤར་གླིང་ཟླ་སྒྲོན་ལ་འོས་གྲངས་༢༥ ཐོབ་སྟེ་མང་མོས་བྱུང་ཡོད་པ་རེད།

སྤྱི་འཐུས་ལྷན་ཚོགས་ནང་སྲིད་སྐྱོང་གིས་བཀའ་བློན་འོས་མི་མིང་འདོན་གནང་རྗེས། གྲོས་ཚོགས་ནང་དགག་པ་རྒྱག་མཁན་བྱུང་ན། འོས་བསྡུ་བྱེད་དགོས་ཀྱི་ཡོད་པ་དང་། གྲོས་ཚོགས་ཀྱི་ངོ་ཡོད་བརྒྱ་ཆ་ལྔ་བཅུའི་རྒྱབ་སྐྱོར་ཐོབ་ན་འོས་ཐོབ་ཀྱི་ཡོད་པ་རེད།

བཀའ་ཤག་སྐབས་༡༣ པ་ཟམ་གདོང་རིན་པོ་ཆེའི་སྐབས་སུ་ཁོང་གིས་བཀའ་བློན་འོས་མི་གྲོས་ཚོགས་ནང་འདོན་སྐབས། སྤྱི་འཐུས་བསྟན་འཛིན་མགོན་པོས་བཀའ་ཤག་གི་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་གྱི་ཡོད་པ་དེར་མོས་མཐུན་མེད་པས། བཀའ་བློན་གྱི་འོས་མི་ཚང་མར་དགག་པ་བརྒྱབ་པ་དང་། དེའི་སྐབས་གཅིག་ལ་འོས་ཐོབ་མེད་པ་རེད། དེའི་ལོ་རྗེས་མར་བཀའ་ཤག་གིས་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་རྒྱུའི་དུས་ཚོད་རྫོགས་པ་ཡིན་སྐོར་གསུངས་པར་བརྟེན། བཀའ་བློན་ཁ་སྐོང་གི་འོས་མི་ཚོར་སྤྱི་འཐུས་བསྟན་འཛིན་མགོན་པོས་དགག་པ་བརྒྱབ་མེད་པ་རེད།

ཟམ་གདོང་རིན་པོ་ཆེའི་སྐབས་དང་པོའི་བཀའ་ཤག་གི་བཀའ་བློན་དང་། སྲིད་སྐྱོང་བློ་བཟང་སེང་གེའི་སྐབས་དང་པོའི་བཀའ་ཤག་གི་བཀའ་བློན་ཚང་མ་གྲོས་ཚོགས་ནང་སྤྱི་མོས་བྱུང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༥༠ ཀློག་གྲངས།