སྐྱབས་བཅོལ་བ་ཚོས་རྒྱལ་ཁབ་སླར་གསོ་བྱེད་རྒྱུའི་དམིགས་ཡུལ་འཛིན་དགོས།

༧གོང་ས་མཆོག་གིས་ཉེ་བའི་ཆར་འཇར་མན་གྱི་གསར་ཤོག་ཅིག་གི་བཅར་འདྲི་ལ། ཡུ་རོབ་རྒྱལ་ཁབ་ཁག་གིས་སྐྱབས་བཅོལ་བ་གྲངས་འབོར་ཤིན་ཏུ་ཆེན་པོ་བླངས་ཡོད་པས། དེ་དག་བཟང་སྤྱོད་ཀྱི་ཐོག་ནས། གནས་སྐབས་རིང་གནས་སྡོད་དུ་བཅུག་དགོས་པ་དང། གཙོ་བོ་ནི་རྗེས་ལ་རང་ཉིད་ཀྱི་རྒྱལ་ཁབ་ལ་ཕྱིར་ལོག་བྱས་ནས། རྒྱལ་ཁབ་སླར་ཡང་འཛུགས་སྐྲུན་བྱེད་རྒྱུའི་དམིགས་ཡུལ་འཛིན་དགོས་སྐོར་གསུངས་ཡོད་འདུག

༧གོང་ས་མཆོག་གིས། “ང་ཚོས་སྐྱབས་བཅོལ་བ་དེ་དག་གི་གདོང་ལ་བལྟ་དུས། ལྷག་པར་དུ་བུད་མེད་དང་ཕྲུ་གུ་རྣམས་ཀྱི་གདོང་ལས། ཁོ་ཚོའི་སྡུག་བསྔལ་ཚོར་ཐུབ་ཀྱི་རེད།”ཅེས་གསུངས་འདུག

༧གོང་ས་མཆོག་གིས་གནས་སྟངས་བཟང་སར་ཡོད་པའི་འགྲོ་བ་མི་ཞིག་གིས། སྐྱབས་བཅོལ་བ་དེ་དག་ལ་རོགས་པ་བྱེད་པའི་འགན་ཡོད་པ་རེད་དེ། ད་ལྟའི་ཆར་སྐྱབས་བཅོལ་བ་ཤིན་ཏུ་མང་པོ་ཡོད་པས། ལག་ལེན་ཐོག་དཀའ་ལས་ཁག་པོ་ཆགས་ཡོད་ཁར། ཡུ་རོབ་ནང་གི་འཇར་མན་ལྟ་བུ་ཨ་རབ་ཀྱི་ལུང་པར་འགྱུར་ཐུབ་ཀྱི་མ་ཡིན་པས། ཁོ་ཚོ་ལ་གནས་སྐབས་རིང་གནས་སྡོད་བྱེད་དུ་བཅུག་རྒྱུ་ནི་བཟང་སྤྱོད་དང་མཐུན་པ་དང། རྗེས་སུ་ཁོ་ཚོ་རང་ཉིད་ཀྱི་རྒྱལ་ཁབ་ལ་ལོག་ནས་སླར་ཡང་འཛུགས་སྐྲུན་བྱེད་རྒྱུའི་དམིགས་ཡུལ་འཛིན་དགོས་སྐོར་གསུངས་ཡོད་འདུག

༧གོང་ས་མཆོག་གིས་དགོངས་ཚུལ་དེ་ཉིན་ཤས་སྔོན་ནས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་མང་པོ་ཞིག་ཏུ་ཁྱབ་སྤེལ་ཤིན་ཏུ་ཆེན་པོ་འགྲོ་བཞིན་འདུག་པ་དང། ཁོང་གིས་དགོངས་ཚུལ་ལ་མཆན་མཐུན་ཕྱོགས་དང་དགག་ཕྱོགས་སྤེལ་མཁན་ཡང་མང་པོ་འདུག

དེ་བཞིན་༧གོང་ས་མཆོག་གིས་གཅིག་བྱས་ན། ལོ་ཁ་ཤས་ནང་བོད་ལ་ལོག་རྒྱུ་ཡོང་སྲིད་སྐོར་དང། “གལ་སྲིད་ངོས་བོད་ལ་འགྲོ་རྒྱུའི་གོ་སྐབས་བྱུང་བ་འམ། ཡང་ན་དུས་ཚོད་ཐུང་ཐུང་ཞིག་རིང་འགྲོ་རྒྱུའི་གོ་སྐབས་བྱུང་ནའང། ཤིན་ཏུ་དགའ་པོ་བྱུང་ས་རེད།”ཅེས་གསུངས་ཡོད་འདུག
དེ་སྔོན་༧གོང་ས་མཆོག་ནས་ཡུ་རོབ་ཇར་མན་གྱི་སྐྱབས་བཅོལ་བ་གྲངས་འབོར་ཆེན་པོ་བླངས་པར། བསྔགས་བརྗོད་གནང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༡ ཀློག་གྲངས།